༤
གཅེས་པ་རྣམས། སེམས་ཉིད་ཡིན་ཚད་ལ་ཡིད་མ་ཆེས་པར། དཀོན་མཆོག་ནས་ཡིན་མིན་བརྟག་པར་གྱིས་ཤིག གང་ལ་ཞེ་ན། ལུང་སྟོན་པ་རྫུས་མ་མང་པོ་འཇིག་རྟེན་དུ་ཐོན་ནོ། ༢ དཀོན་མཆོག་གི་ཐུགས་ཉིད་འདི་ལྟར་ཤེས་དགོས་ཏེ། ཡེ་ཤུ་མཱ་ཤི་ཀ་སྐུ་ལུས་བཞེས་པ་ལ་དཔང་པོ་བྱེད་པའི་སེམས་ཉིད་དཀོན་མཆོག་ལས་ཡིན། ༣ ཡེ་ཤུ་ལ་དཔང་པོ་མི་བྱེད་པ་དེ་དཀོན་མཆོག་ལས་མིན་ཅིང་། མཱ་ཤི་ཀའི་བསྟན་དགྲའི་སེམས་ཉིད་ཡིན། དེ་འོང་བའི་ཆ་རྒྱུས་ཁྱེད་ཚོ་ལ་ཡོད་དེ། འཇིག་རྟེན་དུ་བསླེབས་ཟིན་ཏོ། ༤ ཕྲུ་གུ་རྣམས། ཁྱེད་ཚོ་དཀོན་མཆོག་ནས་ཡིན། ཁྱེད་ཚོ་དེ་རྣམས་ལས་རྒྱལ་ལོ། འཇིག་རྟེན་ནང་ཡོད་པ་དེ་ལས་ཁྱེད་ཚོའི་ནང་བཞུགས་པ་དེ་ཆེ་འོ། ༥ དེ་རྣམས་འཇིག་རྟེན་གྱི་ཡིན་པས་འཇིག་རྟེན་གྱི་ཚུལ་དུ་གཏམ་བྱེད་དེ། འཇིག་རྟེན་གྱིས་དེ་ལ་ཉན་ནོ། ༦ ང་ཚོ་དཀོན་མཆོག་ནས་ཡིན། དཀོན་མཆོག་ནས་ཡིན་པ་དེ་ཚོས་ང་ཚོར་ཉན་ནོ། དཀོན་མཆོག་ནས་མིན་པ་དེ་ཚོས་ང་ཚོར་མི་ཉན་ནོ། དེས་བདེན་པའི་སེམས་ཉིད་དང་འཁྲུལ་པའི་སེམས་ཉིད་ཤེས་སོ༎༧ གཅེས་པ་རྣམས། བྱམས་པ་ནི་དཀོན་མཆོག་ནས་ཡིན་པས། ཕན་ཚུན་བྱམས་པར་རིགས་སོ། བྱམས་པ་བྱེད་པ་དེ་དཀོན་མཆོག་ནས་སྐྱེས་ཏེ་དཀོན་མཆོག་ངོ་ཤེས་སོ། ༨ དཀོན་མཆོག་ནི་བྱམས་པ་ལགས་པས། བྱམས་པ་མི་བྱེད་པ་དེས་དཀོན་མཆོག་ངོ་མི་ཤེས་སོ། ༩ ཁོང་གི་སྒོ་ནས་ང་ཚོ་འཚོ་བའི་དོན་དུ། དཀོན་མཆོག་གིས་ཉིད་ཀྱི་སྲས་གཅིག་པུ་འཇིག་རྟེན་ལ་གནང་བ་དེ་ལས། ང་ཚོའི་ཕྱིར་དཀོན་མཆོག་གི་བྱམས་པ་མངོན་ནོ། ༡༠ བྱམས་པ་ནི་ང་ཚོས་དཀོན་མཆོག་ལ་བྱམས་པ་དེ་མིན། དཀོན་མཆོག་གིས་ང་ཚོར་བྱམས་ཤིང་ཉིད་ཀྱི་སྲས་ང་ཚོའི་སྡིག་བཤགས་ལ་གནང་བ་དེ་ཡིན། ༡༡ གཅེས་པ་རྣམས། དཀོན་མཆོག་གིས་ང་ཚོར་དེ་ཙམ་བྱམས་ན། ང་ཚོས་ཀྱང་ཕན་ཚུན་བྱམས་པར་རིགས་སོ། ༡༢ སུས་ཀྱང་དཀོན་མཆོག་མིག་གིས་མ་མཇལ་ལོ། ང་ཚོ་ཕན་ཚུན་བྱམས་ན་དཀོན་མཆོག་ང་ཚོའི་ནང་བཞུགས་ཏེ་ཁོང་གི་བྱམས་པ་ང་ཚོའི་ནང་ཡོངས་སུ་རྫོགས་པར་ཡིན།
༡༣ ང་ཚོར་ཁོང་གི་ཐུགས་ཉིད་ལས་གནང་བའི་ཐབས་ཀྱིས། ང་ཚོ་ཁོང་ནང་གནས་པ་དང་ཁོང་ང་ཚོའི་ནང་བཞུགས་པ་ཤེས་སོ། ༡༤ ཡབ་ཀྱིས་སྲས་འཇིག་རྟེན་གྱི་སྐྱབས་མགོན་དུ་མངགས་པ་ང་ཚོས་མཐོང་ཞིང་དེ་ལ་དཔང་པོ་བྱེད་དོ། ༡༥ ཡེ་ཤུ་ནི་དཀོན་མཆོག་གི་སྲས་ལགས་པར་དཔང་པོ་བྱེད་པ་དེའི་ནང་དཀོན་མཆོག་བཞུགས་ཤིང་། དེ་ནི་དཀོན་མཆོག་ནང་གནས་སོ། ༡༦ ང་ཚོར་དཀོན་མཆོག་གིས་བྱམས་པ་ཤེས་ཤིང་ཡིད་ཆེས་སོ། དཀོན་མཆོག་ནི་བྱམས་པའོ། བྱམས་པའི་ནང་གནས་པ་དེ་དཀོན་མཆོག་ནང་གནས་ཤིང་། དཀོན་མཆོག་ཀྱང་དེའི་ནང་བཞུགས་སོ། ༡༧ ཞལ་ཆེའི་ཉིན་མོར་མི་ཞུམ་པའི་ཕྱིར་དུ་ང་ཚོའི་ནང་བྱམས་པ་ཡོངས་སུ་རྫོགས་པ་ཡིན་ནོ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་ཁོང་ཇི་ལྟར་ལགས་པ་ལྟར་ང་ཚོའང་ཡིན་ནོ། ༡༨ བྱམས་པའི་ནང་འཇིགས་པ་མེད། ཡང་དག་པའི་བྱམས་པས་འཇིགས་པ་ཕྱིར་སྐྲོད་དོ། འཇིགས་པའི་རྒྱུ་ནི་ཆད་པ་ཡིན་ཏེ། འཇིགས་མཁན་ནི་བྱམས་པའི་ནང་ཡོངས་སུ་རྫོགས་པ་མ་ཡིན་ནོ། ༡༩ ཁོང་གིས་ང་ཚོར་སྔོན་དུ་བྱམས་པས། ང་ཚོས་བྱམས་སོ། ༢༠ ངས་དཀོན་མཆོག་ལ་བྱམས་སོ་ཟེར་ཞིང་། སྤུན་ལ་སྡང་བ་དེ་རྫུན་པ་ཡིན། མིག་གིས་མཐོང་བའི་སྤུན་ལ་མི་བྱམས་པ་དེས། མིག་གིས་མི་མཇལ་བའི་དཀོན་མཆོག་ལ་བྱམས་མི་ཐུབ། ༢༡ དཀོན་མཆོག་ལ་བྱམས་པ་དེས་སྤུན་ལའང་བྱམས་པར་དགོས་ཞེས་པའི་བཀའ་རྒྱ་ང་ཚོར་ཁོང་ནས་ཐོབ་པ་ཡིན༎