༥
ཡེ་ཤུ་ནི་མཱ་ཤི་ཀ་ལགས་པར་དད་པ་བྱེད་མཁན་དེ་དཀོན་མཆོག་ལས་སྐྱེས་པ་ཡིན། ཕ་ལ་བྱམས་པ་དེས་བུ་ལའང་བྱམས་སོ། ༢ ང་ཚོས་དཀོན་མཆོག་ལ་བྱམས་ཤིང་ཁོང་གི་བཀའ་རྒྱ་སྲུང་བའི་སྒོ་ནས། དཀོན་མཆོག་གི་སྲས་རྣམས་ལའང་བྱམས་པ་དེ་ཤེས་སོ། ༣ དཀོན་མཆོག་གི་བཀའ་རྒྱ་སྲུང་བ་ནི། དཀོན་མཆོག་ལ་བྱམས་པའོ། ཁོང་གི་བཀའ་རྒྱ་མི་ལྕིའོ། ༤ དཀོན་མཆོག་ལས་སྐྱེས་པ་དེ་འཇིག་རྟེན་ལས་རྒྱལ་ལོ། འཇིག་རྟེན་ཕམ་པར་བྱེད་པའི་རྒྱལ་བ་དེ་ནི་ང་ཚོའི་དད་པ་ཡིན། ༥ ཡེ་ཤུ་ནི་དཀོན་མཆོག་གི་སྲས་ལགས་པར་དད་པ་དེ་མ་གཏོགས་པར་འཇིག་རྟེན་ལས་རྒྱལ་བ་སུ་ཡོད།༦ ཆུ་དང་ཁྲག་གི་སྒོ་ནས་བྱོན་པ་ནི་ཡེ་ཤུ་མཱ་ཤི་ཀའོ། ཆུ་འབའ་ཞིག་གིས་མ་ཡིན་པར། ཆུ་དང་ཁྲག་གཉིས་ཀྱི་སྒོ་ནས་བྱོན་ཏོ། ༧ ཐུགས་ཉིད་ནི་བདེན་པ་ལགས་པས། ཐུགས་ཉིད་ཀྱིས་འདི་ལ་དཔང་པོ་མཛད་དོ། ༨ དཔང་པོ་གསུམ་ཡོད་ཅིང་། ཐུགས་ཉིད་དང་ཆུ་དང་ཁྲག་སྟེ། དེ་གསུམ་མཐུན་ནོ། ༩ མིའི་དཔང་པོ་ལ་རྩི་ན། དཀོན་མཆོག་གི་དཔང་པོ་ལྷག་པར་ཆེ་སྟེ། ཉིད་ཀྱི་སྲས་ལ་དཔང་པོ་མཛད་པ་དེ་དཀོན་མཆོག་གི་དཔང་པོའོ། ༡༠ དཀོན་མཆོག་གི་སྲས་ལ་དད་པ་དེའི་སྙིང་ནང་དཔང་པོ་དེ་བཞུགས་སོ། དཀོན་མཆོག་ལ་མི་དད་པ་དེས། ཉིད་ཀྱི་སྲས་ལ་དཔང་པོ་མཛད་པ་ལ་ཡིད་མ་ཆེས་པས། ཁོང་ལ་རྫུན་པ་བྱས་སོ། ༡༡ དཀོན་མཆོག་གིས་ང་ཚོར་ཚེ་མཐའ་མེད་པ་གནང་བ་དང་། དེ་ནི་ཁོང་གི་སྲས་ནང་ཡོད་པ་ནི་ཁོང་གི་དཔང་པོ་ཡིན། ༡༢ སྲས་ཡོད་པ་དེ་ལ་ཚེ་མཐའ་མེད་པ་ཡོད། དཀོན་མཆོག་གི་སྲས་མེད་པ་དེ་ལ་ཚེ་མཐའ་མེད་པ་མེད་དོ༎
༡༣ དཀོན་མཆོག་གི་སྲས་ཀྱི་མཚན་ལ་དད་པ་ཁྱེད་ཚོར་ཚེ་མཐའ་མེད་པ་ཡོད་པ་ཤེས་ཕྱིར་ངས་འདི་འབྲིའོ། ༡༤ ཁོང་གི་ཐུགས་དགོངས་བཞིན་དུ་ཅི་ཞིག་ཞུ་ན། ཁོང་གིས་གསན་པའི་བློ་གདེང་ཡོད། ༡༥ ང་ཚོས་ཅི་ཞུ་བ་གསན་པར་ཤེས་ན། ཞུས་པ་དེ་ཐོབ་པར་ཤེས་སོ༎
༡༦ སུ་ཞིག་གིས་སྤུན་ཞིག་མཚམས་མེད་མ་ཡིན་པའི་སྡིག་པ་བྱེད་པར་མཐོང་ན། དེས་གསོལ་བ་ཐོབ་ཅིག་དང་། མཚམས་མེད་པའི་སྡིག་པ་མིན་ན། དེ་ལ་དཀོན་མཆོག་གིས་ཚེ་མཐའ་མེད་པ་གནང་བར་འགྱུར་རོ། མཚམས་མེད་པའི་སྡིག་པ་ཡོད་ཅིང་། དེའི་ཕྱིར་གསོལ་བ་ཐོབ་ངས་མི་ཟེར། ༡༧ མི་དགེ་བ་ཐམས་ཅད་སྡིག་པ་ཡིན་ཅིང་། མཚམས་མེད་མིན་པའང་ཡོད།
༡༨ དཀོན་མཆོག་ལས་སྐྱེས་པ་དེས་སྡིག་པ་མི་བྱེད་པ་ང་ཚོས་ཤེས་སོ། དཀོན་མཆོག་ལས་སྐྱེས་པ་དེས་རང་སྲུང་བས། བདུད་ཀྱིས་དེ་ལ་མི་རེག་གོ། ༡༩ ང་ཚོ་དཀོན་མཆོག་ནས་ཡིན་པ་དང་། འཇིག་རྟེན་ཧྲིལ་པོ་བདུད་ཀྱི་དབང་དུ་ཡོད་པ་ང་ཚོས་ཤེས་སོ། ༢༠ དཀོན་མཆོག་གི་སྲས་བྱོན་ནས། བདེན་པ་ལགས་པ་ཁོང་རྟོགས་པའི་ཤེས་རབ་གནང་བ་ང་ཚོས་ཤེས་སོ། ང་ཚོ་བདེན་པ་ལགས་པའི་ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀའི་ནང་ཡོད་དོ། དཀོན་མཆོག་བདེན་པ་དང་ཚེ་མཐའ་མེད་པ་ནི་དེའོ། ༢༡ ཕྲུ་གུ་རྣམས། སྐུ་འདྲ་ལས་ཟོན་བྱོས་ཤིག། ༎