པེ་ཏྲོས་བསྐུར་པའི་འཕྲིན་ཡིག་གཉིས་པ།
༡
ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་དང་སྐུ་ཚབ་ཡིན་པའི་ཤི་མོན་པེ་ཏྲོ་ཡིས། ང་ཚོའི་དཀོན་མཆོག་དང་ང་ཚོའི་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེའི་ཞལ་ཆེའི་སྒོ་ནས་ང་ཚོ་དང་དད་པ་གཅིག་པ་ཐོབ་པ་རྣམས་ལ། ༢ དཀོན་མཆོག་དང་ང་ཚོའི་གཙོ་བོ་ཡེ་ཤུ་རྟོགས་པའི་སྒོ་ནས་ཐུགས་རྗེ་དང་ཞི་བདེ་རྒྱས་པར་ཤོག་ཅིག༣ ཉིད་ཀྱི་དཔལ་བརྗིད་དང་མཆོག་ཏུ་གྱུར་པ་ལ་ཁོང་རྟོགས་པའི་སྒོ་ནས་ང་ཚོ་བོས་པར་མཛད་པའི་དཀོན་མཆོག་གིས། ཉིད་ཀྱི་སྟོབས་ཀྱིས་ཚེ་དང་དད་སེམས་ལ་གཏོགས་པ་ཐམས་ཅད་གནང་ངོ་། ༤ དེའི་སྒོ་ནས་ང་ཚོར་ཞལ་ཆད་ཤིན་ཏུ་ཆེ་ཞིང་རིན་ཆེན་རྣམས་མཛད་པས། འདོད་པའི་རྐྱེན་གྱིས་འཇིག་རྟེན་ནང་ཡོད་པའི་ངན་པ་ལས་ཁྱེད་ཐར་ཏེ། དཀོན་མཆོག་གི་ལུགས་ཀྱི་གཤིས་དང་ལྡན་པར་འགྱུར་རོ། ༥ དེའི་དོན་དུ་ཁྱེད་ཚོའི་དད་པ་ལ་དགེ་བ་དང་། དགེ་བ་ལ་ཤེས་རབ་དང་། ༦ ཤེས་རབ་ལ་རང་ཚོད་གཟུང་བ་དང་། རང་ཚོད་གཟུང་བ་ལ་བཟོད་པ་དང་། བཟོད་པ་ལ་ཆོས་སེམས་དང་། ༧ ཆོས་སེམས་ལ་སྤུན་དད་དང་། སྤུན་དད་ལ་བྱམས་པས་ཁ་སྐོང་བའི་ཕྱིར་བརྩོན་ཞིག ༨ དེ་རྣམས་ཁྱེད་ཚོར་ཡོད་དེ་འཕེལ་ན། ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་རྟོགས་པའི་ནང་ནུས་པ་མེད་པ་དང་འབྲས་བུ་མེད་པར་མི་འགྱུར་རོ། ༩ དེ་རྣམས་མེད་པ་དེ་ལོང་བ་དང་། རྒྱང་མིག་མེད་པ་ཡིན་དེ། རང་གི་སྔར་གྱི་སྡིག་པ་འདག་པ་དེ་བརྗེད་དོ། ༡༠ དེའི་ཕྱིར་སྤུན་རྣམས། ཁྱེད་ཚོ་བོས་པ་དང་འདམས་པ་བརྟན་པོར་འགྱུར་བར་ལྷག་པར་བརྩོན་འགྲུས་བྱོས་ཤིག དེ་བཞིན་བྱེད་ན་ནམ་ཡང་ལྟུང་བར་མི་འགྱུར་རོ། ༡༡ དེ་ལྟར་ང་ཚོའི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་མཐའ་མེད་པའི་རྒྱལ་ཁམས་ཀྱི་ནང་དུ་བཀུར་སྟི་དང་བཅས་འཇུག་པར་འགྱུར་རོ༎
༡༢ ཁྱེད་ཚོས་དེ་རྣམས་ཤེས་ཤིང་ཁྱེད་ཚོར་ཡོད་པའི་བདེན་པའི་ནང་བརྟན་ཀྱང་། ངས་རྒྱུན་དུ་དྲན་སྐུལ་བར་འདོད་དོ། ༡༣ ང་རང་གུར་འདི་ནང་ཡོད་རིང་ཁྱེད་ཚོར་དྲན་སྐུལ་བྱེད་ཅིང་གཉིད་དཀྲོག་པར་རིགས་སེམས་སོ། ༡༤ ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀས་ང་ལ་གསུངས་པ་ལྟར། ངའི་གུར་འདི་རྡིབས་པའི་དུས་ཉེ་བ་ངས་ཤེས་སོ། ༡༥ ང་འདས་པའི་འོག་ཏུའང་ཁྱེད་ཚོས་དེ་རྣམས་དྲན་ཐུབ་པའི་ཐབས་བྱའོ། ༡༦ ང་ཚོས་ཁྱེད་ཚོར་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་དབང་དང་སླར་འབྱོན་པ་བཤད་པའི་ཚེ་མཁས་པས་སྒྲིགས་པའི་སྒྲུངས་མ་བཤད་པར། ཁོང་གི་ཆེ་བ་ང་ཚོས་མིག་གིས་མངོན་སུམ་དུ་མཇལ་དེ་བརྗོད་པ་ཡིན། ༡༧ དཀོན་མཆོག་ཡབ་ཀྱི་ཕྱོགས་ནས་ཁོང་ལ་ཞེ་ས་དང་དཔལ་བྱུང་དུས་སུ། གཟི་བརྗིད་ཆེན་པོས་འདི་ནི་ང་རབ་ཏུ་དགའ་བའི་ངའི་སྲས་གཅིག་པོ་ཡིན་ཞེས་པའི་སྒྲ་བྱུང་བའི་ཚེ། ༡༨ ང་ཚོ་ཁོང་དང་མཉམ་དུ་རི་དམ་པ་དེར་ཡོད་པས། ནམ་མཁའ་ནས་སྒྲ་དེ་ཐོས་སོ༎
༡༩ ང་ཚོར་ལྷག་པར་ནན་ཏན་བྱེད་པའི་ལུང་བསྟན་ཡང་ཡོད། སྐྱ་རེངས་གཏོང་ཞིང་ཁྱེད་ཚོའི་སྙིང་གི་ནང་དུ་སྐར་ཆེན་ཤར་བའི་བར་དུ། མུན་པའི་ཁྲོད་དུ་འབར་བའི་མར་མེ་ལྟར་ལུང་བསྟན་དེ་ལ་དོ་སྣང་བྱེད་ན་ལེགས། ༢༠-༢༡ ལུང་བསྟན་གང་ཡང་མིའི་བསམ་པ་ལས་མ་བྱུང་བར། དམ་པའི་ཐུགས་ཉིད་ཀྱིས་སྐུལ་ཞིང་དཀོན་མཆོག་གི་ཕྱོགས་ནས་མིས་ལུང་དུ་བསྟན་པས། དང་པོར་གསུང་རབ་ཀྱི་ལུང་བསྟན་གང་ལའང་རང་གང་དགའ་དོན་འགྲེལ་བྱེད་ཆོག་པ་ཞིག་མིན་པར་ཁྱེད་ཚོས་ཤེས་དགོས་སོ༎