པེ་ཏྲོས་བསྐུར་པའི་འཕྲིན་ཡིག་དང་པོ།
ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་ཡིན་པའི་པེ་ཏྲོས། ཡུལ་པོན་ཏུ་དང་། ག་ལད་ཡཱ་དང་། ཀ་པ་དོག་ཡཱ་དང་། ཨ་སི་ཨ་དང་། བི་ཐིན་ཡཱ་ན་གྱེས་ཤིང་གནས་ཡོད་པའི་བྱེས་པ།  དཀོན་མཆོག་ཡབ་ཀྱི་དགོངས་པ་བཞིན་དུ། ཐུགས་ཉིད་ཀྱིས་དམ་པར་མཛད་དེ། ཡེ་ཤུ་མཱ་ཤི་ཀའི་བཀའ་འབངས་བྱེད་པ་དང་། ཁོང་གི་སྐུ་ཁྲག་གཏོར་བའི་དོན་དུ་འདམས་པ་རྣམས་ལ། ཐུགས་རྗེ་དང་ཞི་བདེ་འཕེལ་བར་ཤོག་ཅིག
 ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་ལགས་པའི་དཀོན་མཆོག་ལ་བསྟོད་བསྔགས་སོ། ཁོང་གི་ཐུགས་རྗེ་ཆེན་པོས་ཡེ་ཤུ་མཱ་ཤི་ཀ་གཤིན་པོའི་ཁྲོད་ལས་སྐུ་གསོན་པོར་བཞེངས་པའི་ཐབས་ཀྱིས།  ནམ་མཁར་བཞག་ཡོད་པའི་མི་འཇིག་པ་དྲི་མ་མེད་པ་མི་རྙིད་པའི་ནོར་སྐལ་གནང་བ་དང་རྟག་པར་རེ་བའི་ཕྱིར་ང་ཚོ་ཡང་སྐྱར་སྐྱེ་བར་མཛད་དོ།  དུས་ཀྱི་མཐའ་མར་མངོན་ཆོག་པ་ཡོད་པའི་ཐར་པའི་ཕྱིར་དུ་ཁྱེད་རྣམས་དད་པའི་ངང་ན་དཀོན་མཆོག་གི་མཐུ་སྟོབས་ཀྱིས་སྲུང་བར་མཛད་དོ།  དེ་ལ་དགའ་མགུ་རང་ཞིག ད་ལྟ་རེ་ཞིག་གི་ཕྱིར་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་མྱང་བ་དེ།  ཁྱེད་ཀྱི་དད་པ་བཅོས་མ་མ་ཡིན་པ་གསེར་ལས་རིན་ཐང་ཆེ་བ་དེ། མེས་སད་ནས། ཡེ་ཤུ་མཱ་ཤི་ཀ་མངོན་པའི་ཚེ། བསྟོད་པ་དང་དཔལ་དང་བཀུར་སྟི་འབྱུང་བའི་ཕྱིར་ཡིན་ནོ།  ཁོང་སྔར་མཇལ་ཀྱང་ཁྱེད་ཀྱིས་གཅེས་པར་འཛིན། ད་ལྟ་མི་མཇལ་ཡང་དད་པ་བྱེད་ཅིང་། གཟི་བརྗིད་ཀྱིས་གང་བའི་དགའ་བ་བརྗོད་ཀྱིས་མི་ལང་བའི་ནང་དགའ་མགུ་རང་ངོ་།  ཁྱེད་ཀྱི་དད་པའི་འབྲས་བུར་སེམས་ཀྱི་ཐར་པ་ཐོབ་བོ༎
༡༠ ཁྱེད་ལ་འབྱུང་བར་འགྱུར་བའི་ཐུགས་རྗེ་ལུང་དུ་བསྟན་པ་རྣམས་ཀྱིས། ཐར་པ་འདིའི་སྐོར་དུ་འཚོལ་ཞིང་འདྲིས་པ་ཡིན། ༡༡ མཱ་ཤི་ཀའི་སྡུག་བསྔལ་དང་དེའི་རྗེས་ཀྱི་དཔལ་མངོན་པར་སྟོན་པའི་མཱ་ཤི་ཀའི་ཐུགས་ཉིད་དེ་རྣམས་ནང་ཡོད་པ་དེས། མི་གང་དང་དུས་གང་གི་དོན་ཡིན་པ་དེ་རྣམས་ཀྱིས་རྩད་བཅད་དོ། ༡༢ དེ་ནི་དེ་རྣམས་རང་གི་ཕྱིར་མ་ཡིན་པར། ཁྱེད་ཀྱི་དོན་དུ་ཡིན་པ་མངོན་པར་གྱུར་ཏོ། ད་ལྟ་ནམ་མཁའ་ནས་མངགས་པའི་ཐུགས་ཉིད་ཀྱི་ངང་ན། ཕྲིན་བཟང་བཤད་པ་རྣམས་ཀྱིས། ཕྲིན་དེ་ཁྱེད་ལ་བཤད་ནས། འདི་ལ་ཕོ་ཉ་རྣམས་ཀྱང་ལྟ་བར་འདོད་དོ༎
༡༣ བློ་གྲོས་ཀྱི་སྐ་རགས་བཅིངས་ནས། སྤྱང་གྲུང་བྱོས་ཤིག ཡེ་ཤུ་མཱ་ཤི་ཀ་མངོན་པའི་དུས་སུ་ཁྱེད་ལ་གནང་བར་འགྱུར་བའི་ཐུགས་རྗེ་ལ་ཀུན་ཏུ་རེ་བ་བྱོས་ཤིག ༡༤ ཁ་ལ་ཉན་པའི་བུ་ལྟར། སྔར་གྱི་གཏི་མུག་གི་འདོད་པ་ལ་མ་ཉན་ཅིག ༡༥-༡༦ མདོ་ན། ང་ནི་དམ་པ་ཡིན་པས། ཁྱེད་ཀྱང་དམ་པར་འགྱུར་དགོས་ཞེས་བྲིས་ཡོད་པས། ཁྱེད་ཚོ་བོས་པ་ཁོང་དམ་པ་ཡིན་པ་ལྟར། ཁྱེད་ཚོ་ཡང་རྒྱུན་དུ་སྤྱོད་ལམ་དམ་པར་འགྱུར་བར་བྱ་དགོས། ༡༧ ཁྱེད་ཚོ་རེ་རེའི་ལས་དང་བསྟུན་ཏེ། ཕྱོགས་རིས་མེད་པར་ཞལ་ཆེ་གཅོད་མཁན་ཁོང་ལ་ཡབ་ཞུ་ན། ཁྱེད་ཚོ་བྱེས་པ་ལྟར་ཡོད་རིང་བག་ཚ་ཞིང་རང་གི་སྤྱོད་ལམ་སྤྱོད་ཅིག ༡༨ ཕ་མེས་ལས་བྱུང་བའི་སྙིང་པོ་མེད་པའི་སྤྱོད་ལམ་ལས་ཁྱེད་རྣམས་མི་རྟག་པའི་གསེར་རམ་དངུལ་གྱི་རིན་གྱིས་བླུས་པ་མ་ཡིན་གྱིས། ༡༩ སྐྱོན་དང་རྨེ་གྲིབ་མེད་པའི་ལུག་གུ་ལྟར་གྱི་མཱ་ཤི་ཀའི་སྐུ་ཁྲག་རིན་པོ་ཆེས་བླུས་པ་ཁྱེད་ཚོས་ཤེས་སོ། ༢༠ འཇིག་རྟེན་མ་བཀོད་པའི་སྔོན་དུ་བསྐོས་པ་དེ་ཁོང་ཡིན་ཅིང་། དུས་ཀྱི་མཐའ་མར་ཁྱེད་ཚོའི་དོན་དུ་མངོན་སུམ་དུ་བྱོན་ཏོ། ༢༡ ཁོང་གཤིན་པོའི་ཁྲོད་ལས་སྐུ་གསོན་པོར་བསླངས་ནས་དཔལ་བརྗིད་གནང་བའི་དཀོན་མཆོག་ལ་མཱ་ཤི་ཀའི་ངང་ནས་བློ་གདེང་བྱས་པས། ཁྱེས་ཚོས་དཀོན་མཆོག་ལ་དད་པ་དང་རེ་བ་བྱེད་དོ༎
༢༢-༢༣ ཁྱེད་ཚོ་མི་རྟག་པའི་ས་བོན་ལས་མ་ཆད་པར། གསོན་པོ་དང་རྒྱུན་དུ་བཞུགས་པའི་དཀོན་མཆོག་གི་བཀའ་ཡི་སྒོ་ནས། རྟག་པའི་ས་བོན་ལས་ཡང་སྐྱར་སྐྱེས་པས། སྤུན་ལ་བཅོས་མ་མིན་པར་བྱམས་ཕྱིར་བདེན་པའི་བཀའ་ལ་ཉན་ཞིང་སེམས་གཙང་ནས་ཕན་ཚུན་སྙིང་ཐག་པ་ནས་བྱམས་པར་བྱོས་ཤིག
༢༤ ལུས་ཅན་ཐམས་ཅད་རྩྭ་དང་འདྲ༎
གཟི་བརྗིད་རྩྭ་ཡི་མེ་ཏོག་འདྲ༎
རྩྭ་ནི་སྐམས་ནས་མེ་ཏོག་ཡལ༎
༢༥ གཙོ་བོའི་བཀའ་ནི་རྒྱུན་དུ་གནས༎
ཅེས་པ་འདི་ཁྱེད་ཚོར་བཤད་པའི་ཕྲིན་བཟང་དེ་རང་ངོ་༎