ཡ་ཀོབ་ཀྱིས་བསྐུར་པའི་འཕྲིན་ཡིག
༡
དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་ཡ་ཀོབ་ཀྱིས། གྱེས་ཡོད་པའི་སྡེ་བཅུ་གཉིས་པོ་ལ་ཕྱག་འབུལ་ལོ༎༢-༣ ངའི་སྤུན་རྣམས། དད་པ་ལ་ཚོད་ལྟ་བའི་ངང་ནས་བཟོད་པའི་སེམས་སྐྱེ་བ་ཁྱེད་ཀྱིས་ཤེས་པས། ཉམས་སད་པ་སྣ་ཚོགས་མྱོང་བ་དགའ་སྤྲོ་ཆེན་པོར་རྩིས་ཤིག ༤ ཁྱེད་མ་ཚང་བ་མེད་པར་ཕུལ་དུ་ཕྱིན་ཅིང་རྫོགས་པར་འགྱུར་བའི་ཕྱིར། བཟོད་པ་ལ་འབྲས་བུ་ཚང་པོ་སྐྱེད་དུ་ཆུག ༥ ཁྱེད་སུ་ཞིག་ལ་ཤེས་རབ་མ་ཚང་ན། བཀའ་བཀྱོན་མི་མཛད་པར་ཐམས་ཅད་ལ་ལྷག་པར་གནང་བའི་དཀོན་མཆོག་ལ་ཞུས་ཤིག་དང་། གནང་བར་འགྱུར་རོ། ༦ ཐེ་ཚོམ་བྱེད་པའི་མི་ནི་རླུང་གིས་འདེད་ཅིང་འཕར་བའི་རྒྱ་མཚོའི་རྦ་རླབས་དང་འདྲ་བས་ན། ཐེ་ཚོམ་མི་བྱེད་པར་དད་པའི་སྒོ་ནས་ཞུ་བར་རིགས་སོ། ༧-༨ ཡིད་གཉིས་བྱེད་པ་དང་བྱ་བ་ཐམས་ཅད་ནང་མི་བརྟན་པའི་མི་ཞིག་གིས་གཙོ་བོ་ནས་ཅི་ཞིག་ཐོབ་པར་འགྱུར་མ་སེམས་ཤིག
༩ སྤུན་དམའ་བ་དེ་མཐོན་པོར་བཏེགས་པར་འགྱུར་བས་དམའ་བའི་གནས་སུ་ངོམས་ཤིག ༡༠ ཕྱུག་པོ་དེ་དམའ་བར་འགྱུར་བ་ལ་ངོམས་ཤིག་ཅི་ཕྱིར་ཞེ་ན། རྩྭའི་མེ་ཏོག་ལྟར་ཁོ་འདའ་བར་འགྱུར། ༡༡ ཉི་མ་ཚ་པོ་ཤར་ནས་རྩྭ་སྐོམ་སྟེ་མེ་ཏོག་སར་ལྟུང་ནས། དེའི་མཛེས་སྡུག་མེད་པར་འགྲོའོ། དེ་བཞིན་དུ་ཕྱུག་པོའང་རང་གི་འབད་རྩོལ་གྱི་འཕྲོ་ལ་རྙིད་པར་འགྱུར་རོ༎
༡༢ ཉམས་སད་པ་ཐེག་པའི་མི་དེ་བདེའོ། ཐེག་པའི་འོག་ཏུ་གཙོ་བོ་ལ་གཅེས་པར་འཛིན་པ་རྣམས་ལ་གནང་བའི་ཞལ་ཆད་མཛད་པའི་ཚེ་མཐའ་མེད་པའི་ཅོད་པན་རྙེད་པར་འགྱུར་རོ། ༡༣ ཉམས་སད་འབྱུང་དུས་སུ། དཀོན་མཆོག་གིས་ངའི་ཉམས་སད་དོ་ཞེས་མ་ཟེར་ཞིག ངན་པའི་སྒོ་ནས་དཀོན་མཆོག་གི་ཐུགས་སད་མི་སྲིད་ཅིང་། ཁོང་གིས་སུ་ཞིག་ལ་ཉམས་སད་པར་མི་མཛད་དོ། ༡༤ མི་རེ་རེ་རང་གི་འདོད་པས་བསླུ་ཞིང་འཁྲིད་ན་ཉམས་སད་པ་འབྱུང་ངོ་། ༡༥ དེ་ནས་འདོད་པ་མངལ་དང་ལྡན་པར་གྱུར་ཏེ་སྡིག་པ་སྐྱེས་ནས། སྡིག་པ་ཚད་དུ་ཕྱིན་པ་དང་འཆི་བ་འབྱུང་ངོ་། ༡༦ ངའི་སྤུན་གཅེས་པ་རྣམས། མགོ་མ་འཁོར་ཞིག ༡༧ གསོལ་རས་བཟང་པོ་དང་གནང་སྦྱིན་ཕུལ་བྱུང་ཐམས་ཅད་སྟེང་ནས་འོད་ཀྱི་ཡབ་ནས་འབབ་བོ། ཁོང་ནི་འགྱུར་བའི་གྲིབ་མས་མ་གོས་ཤིང་འགྱུར་མེད་ལགས་སོ། ༡༨ ཁོང་གིས་བཀོད་པ་རྣམས་ཀྱི་ནང་ན་ང་ཚོ་ནི་ལོ་ཐོག་གི་ཕུད་དུ་འགྱུར་བའི་ཕྱིར། ཉིད་ཀྱི་དགོངས་པ་བཞིན་བདེན་པའི་བཀའི་ཐབས་ཀྱིས་བསྐྱེད་པར་མཛད་དོ༎
༡༩ ངའི་གཅེས་པའི་སྤུན་རྣམས། ཤེས་པར་གྱིས་ཤིག མི་ཀུན་ཉན་པ་ལ་མྱུར་ཞིང་། ལབ་པ་དང་ཁྲོ་བ་ལ་འགོར་དགོས། ༢༠ མིའི་ཁྲོ་བས་དཀོན་མཆོག་གི་དྲང་བ་ཉིད་མི་སྒྲུབ་བོ། ༢༡ མི་གཙང་བ་ཐམས་ཅད་དང་ངན་པ་ལྷག་དྲག་པ་རྣམས་སྤངས་ཏེ། ཁྱེད་ཚོའི་སེམས་སྐྱོབ་ཐུབ་པའི་ཁྱེད་ནང་བཙུགས་པའི་བཀའ་དེ་དུལ་བའི་སྒོ་ནས་ལོང་ཞིག
༢༢ རང་མགོ་རང་གིས་བསྐོར་བའི་བཀའ་ཉན་མཁན་འབའ་ཞིག་ཏུ་མ་འགྱུར་བར་སྒྲུབ་མཁན་ལ་གྱུར་ཅིག ༢༣ སུ་ཞིག་བཀའ་ཉན་མཁན་ཡིན་ཏེ་སྒྲུབ་མཁན་མིན་ན། མེ་ལོང་ནང་རང་ཉིད་ཀྱི་གདོང་མཐོང་བའི་མི་དང་འདྲ་ཞིང་། ༢༤ རང་གིས་མཐོང་སྟེ་སོང་མ་ཐག་ཏུ་ཁོ་རང་ཇི་ལྟ་བུ་ཞིག་ཡོད་པ་བརྗེད་དོ། ༢༥ འོན་ཀྱང་ཐར་པའི་བཀའ་ཁྲིམས་ཕུལ་དུ་བྱུང་བའི་མེ་ལོང་ནང་ལྟ་ཞིང་གནས་ན། བརྗེད་པའི་ཉན་མཁན་དུ་མི་གྱུར་བར། བྱ་བ་སྒྲུབ་མཁན་དུ་གྱུར་ཏེ། བྱིན་གྱིས་རློབ་པར་འགྱུར་རོ༎