ཨིབ་རི་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག
དཀོན་མཆོག་གིས་འདས་པའི་དུས་སུ་ལུང་སྟོན་པ་རྣམས་རྒྱུད་ནས་མེས་པོ་རྣམས་ལ་ཐབས་རྣམ་པ་དུ་མའི་སྒོ་ནས་གསུང་གླེང་མཛད་དེ།  མཐའ་མའི་དུས་འདི་ལ་སྲས་རྒྱུད་ནས་ང་ཚོར་གསུང་གླེང་མཛད་དེ། ཁོང་དངོས་པོ་ཐམས་ཅད་ཀྱི་བདག་པོར་བསྐོས། ཁོང་རྒྱུད་ནས་སྲིད་པ་རྣམས་ཀྱང་བཀོད་དོ།  ཁོང་གིས་དཀོན་མཆོག་གི་དཔལ་མངོན་པར་མཛད་ཅིང་། དཀོན་མཆོག་གི་དེ་ཁོ་ན་ཉིད་ཀྱི་སྐུ་བརྙན་ལགས་ཏེ། དབང་དང་ལྡན་པའི་བཀས་སྲིད་པ་སྐྱོང་བར་མཛད་དོ། སྡིག་པ་ལ་སྦྱོང་ཐབས་མཛད་ནས། བླ་ན་མེད་པའི་གཟི་བརྗིད་ཀྱི་ཕྱག་གཡས་སུ་བཞུགས་ཏེ།  ཕོ་ཉ་རྣམས་ལས་འཕགས་པའི་མཚན་མངའ་བ་ལྟར། དེ་རྣམས་ལས་ལྷག་པར་འཕགས་པར་ཡང་གྱུར་ཏོ༎
 ཁྱོད་ནི་ང་ཡི་སྲས་ཡིན་ཅིང་༎
དེ་རིང་ང་ལ་འཁྲུངས་པ་ཡིན༎
ང་ནི་དེ་ཡི་ཡབ་འགྱུར་ཞིང་༎
དེ་ངའི་སྲས་སུ་འགྱུར་བར་འགྱུར༎
ཞེས་དཀོན་མཆོག་གིས་ཕོ་ཉ་སུ་ལའང་མ་གསུངས་སོ།  ཡང་སྔོན་འཁྲུངས་དེ་འཇིག་རྟེན་དུ་སྐྱེལ་བའི་ཚེ། ཁོང་གིས། ཀྱེ་དཀོན་མཆོག་གི་ཕོ་ཉ་ཐམས་ཅད་ཁོང་ལ་ཕྱག་ཕུལ་ཞིག་གསུངས་སོ།  ཕོ་ཉའི་སྐོར་དུ་ཁོང་གིས།
ཉིད་ཀྱི་ཕོ་ཉ་རླུང་ལྟར་དང་༎
ཉིད་ཀྱི་ཞབས་ཕྱི་མེ་ལྕེར་མཛད༎
ཅེས་གསུངས་ཤིང་།  སྲས་ཀྱི་སྐོར་ལ།
དཀོན་མཆོག་ཁྱེད་ཀྱི་རྒྱལ་ཁྲི་རྟག་ཏུ་གནས༎
ཁྲིམས་དབྱུག་དྲང་པོ་ཁྱེད་སྲིད་ཁྲིམས་དབྱུག་ཡིན༎
 ཁྱེད་ནི་དྲང་པོར་བྱམས་ཀྱང་ངན་པར་སྡང་༎
དེའི་ཕྱིར་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་གིས༎
ཁྱེད་ཀྱི་གྲོགས་པོ་རྣམས་ལས་ལྷག་པར་ཁྱེད༎
དགའ་སྤྲོའི་སྣུམ་གྱིས་ཁྱེད་ལ་བྱུགས་པར་མཛད༎
ཅེས་དང་།
༡༠ གཙོ་བོ་ཁྱེད་ཀྱིས་ཐོག་མར་ས་གཞི་བཀོད༎
གནམ་རྣམས་ཁྱེད་ཀྱི་ཕྱག་གིས་མཛད་པ་ཡིན༎
༡༡ དེ་རྣམས་འདའ་ཡང་ཁྱེད་ནི་རྟག་ཏུ་བཞུགས༎
དེ་རྣམས་ཐམས་ཅད་གོས་ལྟར་རྙིང་པར་འགྱུར༎
༡༢ བླ་གོས་ལྟར་དུ་ཁྱེད་ཀྱིས་དེ་དག་བསྒྲིལ༎
དེ་རྣམས་འཕོ་ཡང་ཁྱེད་ནི་འགྱུར་མེད་དོ༎
ཁྱེད་ཀྱི་དགུང་ལོར་མཐའ་མ་མ་མཆིས་སོ༎
ཞེས་གསུངས། ༡༣ འོན་ཀྱང་ཕོ་ཉ་གང་ལའང་།
ང་ཡིས་ཁྱེད་ཀྱི་དགྲ་བོ་རྣམས༎
ཁྱེད་ཀྱི་ཞབས་འོག་བཞག་པའི་བར༎
ང་ཡི་གཡས་སུ་བཞུགས་མཛོད་ཅིག།
ཅེས་མ་གསུངས་སོ༎
༡༤ ཕོ་ཉ་ཐམས་ཅད་ནི། ཐར་པ་ཐོབ་པར་འགྱུར་བ་རྣམས་ཀྱི་དོན་དུ་སྩལ་བའི་གཡོག་བྱེད་པའི་སེམས་ཉིད་དོ༎