ཕི་ལེ་མོན་ལ་བསྐུར་པའི་འཕྲིན་ཡིག
༡
མཱ་ཤི་ཀ་ཡེ་ཤུའི་དོན་དུ་བཙོན་པ་ཡིན་པའི་པའུ་ལུ་དང་། སྤུན་ཏི་མོ་ཐེའུས། ང་ཚོའི་གཅེས་པའི་ལས་རོགས་ཕི་ལེ་མོན་དང་། ༢ གཅེས་པའི་སྤུན་མ་ཨ་ཕི་ཡཱ་དང་། དཔུང་གྲོགས་ཨར་ཀིབ་པུ་དང་། ཁྱོད་ཀྱི་ཁང་པར་ཡོད་པའི་ཆོས་ཚོགས་ལ། ༣ ཡབ་དཀོན་མཆོག་དང་། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག༤ ཁྱོད་ཀྱིས་གཙོ་བོ་ཡེ་ཤུ་དང་མཱ་ཤི་ཀ་པ་ཐམས་ཅད་ལ་བྱེད་པའི་དད་པ་དང་བྱམས་པའི་སྐོར་ཐོས་ནས། ༥ སྨོན་ལམ་ནང་ཁྱོད་དྲན་པའི་ཚེ་རྟག་ཏུ་དཀོན་མཆོག་ལ་གཏང་རག་འབུལ་ལོ། ༦ ང་ཚོར་མཱ་ཤི་ཀའི་སྒོ་ནས་ཡོད་པའི་བཟང་པོ་ཐམས་ཅད་ཀྱི་རྟོགས་པ། ཁྱོད་ཀྱི་དད་པའི་འགྲོགས་ལུགས་ཀྱིས་རྒྱས་པར་བྱེད་པའི་ཕྱིར་གསོལ་བ་འདེབས་སོ། ༧ ཁྱོད་ཀྱི་རྐྱེན་གྱིས་མཱ་ཤི་ཀ་པ་རྣམས་ཀྱི་དབུགས་དབྱུང་བས། སྤུན་ཁྱོད་ཀྱི་བྱམས་སེམས་ཀྱིས་ང་ལ་དགའ་སྤྲོ་དང་སེམས་གསོ་བྱུང་།
༨ ང་ལ་མཱ་ཤི་ཀའི་མཐུས་བྱ་བ་བགྱི་འོས་རྣམས་བགྱི་ཕྱིར་ཁྱོད་ལ་བསྒོ་བའི་སྙིང་སྟོབས་ཡོད་རུང་། ༩ ང་མི་རྒན་པའུ་ལུ་ད་ལྟ་མཱ་ཤི་ཀ་ཡེ་ཤུའི་དོན་དུ་བཙོན་པ་ཡིན་པ་ངས་བྱམས་པའི་ཆེད་དུ་ཞུ་བ་འབུལ་བ་ལེགས་སེམས་སོ། ༡༠ བཙོན་ཁང་ནང་འབྱོར་བའི་ངའི་བུ་ཨོ་ནེ་སི་མུ་༼བོད་སྐད་དུ་ཕན་པ་༽བྱ་བ། ༡༡ སྔར་ཁྱོད་ལ་མ་ཕན་ཡང་། ད་ལྟ་ཁྱོད་དང་ང་གཉིས་ལ་ཕན་པས། ཁོའི་དོན་དུ་ཞུ་བ་འབུལ་ལོ། ༡༢ ངའི་སྙིང་དང་འདྲ་བ་ཁོ་རང་ཁྱོད་ཀྱི་རྩར་ཕྱིར་ལོག་བཏང་ཡོད། ༡༣ ཕྲིན་བཟང་གི་དོན་དུ་ང་བཙོན་ནང་ཡོད་རིང་ཁྱོད་ཀྱི་ཕྱོགས་ནས་ང་ལ་གཡོག་བྱེད་པར་ང་རང་མཉམ་ཁོ་འཇོག་པར་དགའ་ཡང་། ༡༤ ཁྱོད་ཀྱིས་བཀའ་དྲིན་མ་བྱེད་དབང་མེད་མ་ཡིན་པར་དགའ་བཞིན་བྱེད་པའི་ཕྱིར། ཁྱོད་ཀྱི་དགོངས་པ་མེད་པར་ཅིའང་མི་བྱེད་པ་དེ་ལེགས་པར་སེམས་སོ། ༡༥-༡༦ རེ་ཞིག་ཁོ་དང་བྲལ་བ་དེ། ཁོ་ཚེ་གཡོག་ལྟར་མ་ཡིན་པར་དེ་ལས་དྲག་པ་མི་དང་གཙོ་བོའི་ངོས་ནས་ངའི་གཅེས་པ་དང་ཁྱོད་ཀྱི་ལྷག་པར་གཅེས་པའི་སྤུན་གྱི་ཚུལ་དུ། གཏན་དུ་ཁྱོད་ལ་ཐོབ་པའི་ཕྱིར་ཡིན་པར་ངེས་སོ༎
༡༧ ང་དང་ཁྱོད་གཉིས་གཅིག་ཡིན་སེམས་ན། ང་བསུ་བ་ལྟར་ཁོའང་བསུས་ཤིག ༡༨ གལ་ཏེ་ཁོས་ཁྱོད་ལ་ཉེས་སམ་འཇལ་རྒྱུ་ཞིག་ཡོད་ན། ངའི་རྩིས་ནང་ཆུག་ཅིག ༡༩ ངས་འཇལ་འོང་ཞེས་པ་ང་རང་པའུ་ལུའི་ལག་པས་བྲིའོ། ཁྱོད་ལ་ངའི་བུ་ལོན་ནི་ཁྱོད་ཉིད་ཡིན་པ་ཟེར་མི་དགོས་སོ། ༢༠ འོ་ན་ངའི་སྤུན། གཙོ་བོའི་ངང་ན་ཁྱོད་ལས་ང་ལ་ཕན་པ་ཞིག་དགོས། མཱ་ཤི་ཀའི་ངང་ན་ངའི་དབུགས་དབྱུང་ཞིག
༢༡ ངས་སྨྲས་པ་ལས་ལྷག་པར་ཁྱོད་ཀྱིས་བྱ་འོང་བ་ཤེས་ཤིང་། ངའི་ཁ་ལ་ཉན་པའི་བློ་གདེང་གིས་ཡི་གེ་འདི་འབྲིའོ། ༢༢ ཁྱེད་ཅག་གི་སྨོན་ལམ་ལ་རྟེན་ཏེ་ང་ཁྱེད་ཅག་ལ་གནང་བར་རེ་བས། ཞོར་ལ་ངའི་ཕྱིར་གནས་ཚང་ཞིག་གྲལ་བྱོས་ཤིག