མངའ་བདག་དང་དབང་སྒྱུར་བ་རྣམས་ཀྱི་འབངས་བྱེད་ཅིང་། བཀའ་ལ་ཉན་པ་དང་། ལས་བཟང་པོ་གང་རུང་བྱེད་ཆོག་ཡོད་པ་དང་།  སུའི་སྐོར་ལའང་ངན་པ་མི་ཟེར་བ་དང་། མི་འཛིང་བ་དང་། ཞི་བ་དང་། མི་ཐམས་ཅད་ལ་ཡང་དག་པའི་གུས་པ་བྱེད་ཕྱིར་སྐུལ་མ་ཐོངས་ཤིག  ང་ཚོའང་སྔར་བླུན་པོ་དང་། ཁ་ལ་མི་ཉན་པ་དང་། ལམ་སྟོར་བ་དང་། འདོད་ཆགས་དང་། འདོད་ཡོན་སྣ་ཚོགས་ཀྱི་དབང་དུ་སོང་མཁན་དང་། ངན་སེམས་དང་ཕྲག་དོག་ལ་སྤྱོད་ཅིང་། མི་གཞན་གྱིས་སྡང་བ་དང་རང་ཡང་ཕན་ཚུན་སྡང་མཁན་ཡིན་ཀྱང་།  ང་ཚོའི་སྐྱབས་མགོན་ལགས་པའི་དཀོན་མཆོག་གི་ཐུགས་རྗེ་དང་བྱམས་ཐུགས་མངོན་པ་དང་།  ང་ཚོའི་རྣམ་པར་དག་པའི་ལས་ལ་རག་མ་ལུས་པར། ཁོང་ཉིད་ཀྱི་སྙིང་རྗེའི་སྒོ་ནས། ཡང་སྐྱར་སྐྱེ་བ་དང་གསར་དུ་འགྱུར་བའི་དམ་པའི་ཐུགས་ཉིད་ཀྱི་ཁྲུས་ཀྱིས་ང་ཚོར་སྐྱབས་པ་ཡིན།  ང་ཚོའི་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་རྒྱུད་ནས་ཐུགས་ཉིད་དེ་ང་ཚོར་ལྷུག་པར་གནང་བ་དེ་ནི།  ཁོང་གི་ཐུགས་རྗེས་ང་ཚོ་ཐར་བར་གྱུར་ཏེ། གང་ལ་རེ་བའི་ཚེ་མཐའ་མེད་པའི་བརྒྱུད་འཛིན་དུ་འགྱུར་ཕྱིར་ཡིན།  ཞེས་པའི་གཏམ་འདི་བདེན་པ་ཡིན་ནོ། དཀོན་མཆོག་ལ་དད་མཁན་རྣམས་ཀྱིས་དགེ་བའི་ལས་བྱེད་པའི་ཕྱིར། གཏམ་འདི་ཚོར་ཁྱོད་ཀྱིས་ནན་ཏན་བྱེད་པར་ང་འདོད་དོ། དེ་ནི་བཟང་ཞིང་ཕན་ཀྱང་།  བླུན་པོའི་ཆོས་རྩོད་དང་། སྐྱེ་རབས་དང་། མི་མཐུན་པ་དང་། ཆོས་ཁྲིམས་ཀྱི་རྩོད་གླེང་ཕན་མེད་དང་དོན་མེད་ཡིན་པས་སྤོངས་ཤིག ༡༠ ཆོས་ལ་ལྷད་འཇུག་མཁན་ལ་ལན་གཅིག་གམ་གཉིས་ཁ་ཏ་བྱས་ནས། ༡༡ དེ་ལྟ་བུའི་མི་ནི་ཕྱིན་ཅི་ལོག་པ་དང་སྡིག་ཅན་ཡིན་ཏེ། རང་བཞིན་གྱིས་ཆད་པ་ཕོག་མཁན་ཡིན་པར་ཤེས་ཏེ་སྤོངས་ཤིག
༡༢ ཨར་ཏེ་མཱ་ཡང་ན་ཏི་ཁི་ཀུ་ཁྱོད་ཀྱི་རྩར་གཏང་བའི་ཚེ། ངའི་རྩར་ནི་ཀོ་པོ་ལི་རུ་ཁྱོད་འོང་བར་བརྩོན་ཅིག དགུན་ཀ་ང་དེར་སྡད་ངེས་ཡིན། ༡༣ ཁྲིམས་ལ་མཁས་པའི་ཟི་ནཱ་དང་ཨ་པོལ་ལོ་གཉིས་ལ་ཅི་དགོས་པ་བསྒྲིགས་ནས་ངེས་པར་ཐོངས་ཤིག ༡༤ ང་ཚོའི་མི་རྣམས་འབྲས་བུ་དང་ལྡན་ཞིང་། དགོས་གལ་ཆེ་བར་རོགས་རམ་བྱེད་ཕྱིར་དགེ་བའི་ལས་ལ་འབུང་བ་སློབས་ཤིག
༡༥ ང་མཉམ་ཡོད་པ་ཐམས་ཅད་ཀྱིས་ཁྱོད་ལ་ཕྱག་འབུལ་ལོ། ང་ཚོར་བརྩེ་བའི་མཱ་ཤི་ཀ་པ་རྣམས་ལ་ཕྱག་ཕུལ་ཞིག ཁྱེད་ཐམས་ཅད་ལ་ཐུགས་རྗེ་འབབ་པར་ཤོག་ཅིག། ༎