ཏི་མོ་ཐེའུ་ལ་བསྐུར་པའི་འཕྲིན་ཡིག་གཉིས་པ།
མཱ་ཤི་ཀ་ཡེ་ཤུའི་ངང་ན་ཡོད་པའི་ཚེའི་ཞལ་ཆད་བཞིན་དུ། དཀོན་མཆོག་གི་ཐུགས་དགོངས་ཀྱིས། མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ཡིན་པའི་པའུ་ལུ་ངས།  གཅེས་པའི་བུ་ཏི་མོ་ཐེའུ་ལ། དཀོན་མཆོག་ཡབ་དང་མཱ་ཤི་ཀ་ཡེ་ཤུ་ང་ཚོའི་གཙོ་བོའི་ཕྱོགས་ནས། ཐུགས་རྗེ་དང་། སྙིང་རྗེ་དང་། ཞི་བདེ་འབབ་པར་ཤོག་ཅིག
 ཕ་མེས་ལྟར་ཡང་དག་པའི་ཤེས་བཟང་གིས་ངས་དཀོན་མཆོག་ལ་བསྙེན་བཀུར་བྱེད་ཅིང་། སྨོན་ལམ་འདེབས་པའི་ཚེ་ཁྱོད་ཉིན་མཚན་མེད་པར་དྲན་ཞིང་གཏང་རག་འབུལ་ལོ།  ཁྱོད་ཀྱི་མཆི་མ་དྲན་པའི་ཚེ། ང་དགའ་སྤྲོས་འཁྱབ་པའི་ཕྱིར་ཁྱོད་དང་འཕྲད་པ་ལ་གདུང་ངོ་།  དང་པོར་ཁྱོད་ཀྱི་ཨ་ཕྱི་ལོ་ཨིས་དང་མ་ཨིའུ་ནི་ཀེའི་ནང་ཡོད་པའི་དད་པ་ཁྱོད་ཀྱི་ནང་ནའང་ཡོད་པར་ཡིད་ཆེས་ཏེ། ཁྱོད་ཀྱི་བཅོས་མ་མིན་པའི་དད་པ་དེ་དྲན་ནོ། ༦-༧ དཀོན་མཆོག་གིས་ང་ཚོར་སྙིང་ཆུང་ངུ་ཞིག་མ་གནང་བར། སྟོབས་དང་བྱམས་པ་དང་རང་བཅུན་ཐུབ་པའི་སེམས་གནང་བས། ཁྱོད་ལ་ངའི་ཕྱག་དབང་གི་སྒོ་ནས་བརྙེད་པའི་དཀོན་མཆོག་གི་གནང་སྦྱིན་གྱི་མེ་དེ། ཡང་སྐྱར་གསོ་བར་དྲན་སྐུལ་ལོ།  ང་ཚོའི་གཙོ་བོའི་དཔང་པོ་བྱེད་ཕྱིར་དང་། ཁོང་གི་བཙོན་པ་ངའི་ཕྱིར་ངོ་མ་ཚ་ཞིག དཀོན་མཆོག་གི་མཐུ་སྟོབས་ཀྱི་ངང་ན་ཕྲིན་བཟང་གི་དོན་དུ་ང་དང་མཉམ་དུ་སྡུག་བསྔལ་གྱི་འགན་ཁུར་ཞིག  ང་ཚོའི་ལས་ཀྱི་རྐྱེན་གྱིས་མ་ཡིན་པར། ཐོག་མ་མེད་པ་ནས་ཡེ་ཤུ་མཱ་ཤི་ཀའི་སྒོ་ནས་གནང་བའི་ཐུགས་རྗེ་དང་ཐུགས་དགོངས་ཀྱི་རྐྱེན་གྱིས། ང་ཚོ་སྐྱབས་ཏེ་དམ་པའི་སྐུལ་མས་བོས་པར་མཛད་ཅིང་། ༡༠ ད་མཱ་ཤི་ཀ་ཡེ་ཤུ་ང་ཚོའི་སྐྱབས་མགོན་བྱོན་པའི་སྒོ་ནས་དེ་དག་མངོན་པར་མཛད་དེ། འཆི་བ་བཅོམ་ནས་ཕྲིན་བཟང་གི་སྒོ་ནས་ཚེ་མཐའ་མེད་པ་དང་མི་འཇིག་པ་གསལ་བར་མཛད་དོ། ༡༡ ཕྲིན་བཟང་དེའི་དོན་དུ་ང་སྒྲོག་པ་པོ་དང་། སྐུ་ཚབ་དང་སྟོན་པ་ལ་བསྐོས་པ་ཡིན། ༡༢ དེའི་རྐྱེན་གྱིས་སྡུག་བསྔལ་འདི་ཙམ་མྱོང་ཡང་། ངས་སུ་ལ་དད་པ་བྱས་པ་དེ་ཤེས་པས་ང་ངོ་མི་ཚའོ། ཡང་ང་ལ་གང་བཏད་པ་དེ་ཉིན་མོ་དེའི་བར་དུ་ཁོང་གིས་སྲུང་ནུས་པ་ལ་ཡིད་ཆེས་སོ། ༡༣ མཱ་ཤི་ཀ་ཡེ་ཤུ་ལ་རག་ལས་པའི་དད་པ་དང་བྱམས་པའི་སྒོ་ནས་ང་ནས་ཐོས་པའི་བདེན་ཚིག་རྣམས་དཔེ་རུ་ལོང་ཞིག ༡༤ ཁྱོད་ལ་བཏད་པའི་བཅོལ་མ་བཟང་པོ་དེ། ང་ཚོའི་ནང་བཞུགས་པའི་ཐུགས་ཉིད་ཀྱི་ངང་ནས་སྲུང་ཞིག
༡༥ ཕི་གེ་ལུ་དང་ཧེར་མོ་གེ་ནེ་དང་ཨ་སི་ཨ་ཡུལ་དུ་གནས་པ་གཞན་ཐམས་ཅད་ཀྱིས་ང་སྤངས་པ་ཁྱོད་ལ་རྒྱུས་ཡོད། ༡༦ ཨོ་ནི་སི་ཕོ་རུས་ལན་མང་ངའི་སེམས་གསོ་བས། ཁོའི་ཁྱིམ་ལ་གཙོ་བོས་ཐུགས་རྗེ་གཟིགས་ཤིག ༡༧ ཁོ་ངའི་ལྕགས་སྒྲོག་ལ་ངོ་མ་ཚ་བར། ཁོ་རོ་མཱ་རུ་བསླེབས་ནས་བརྩོན་འགྲུས་ཀྱིས་ང་བཙལ་ནས་ཐོབ་པ་ཡིན། ༡༨ གཙོ་བོའི་ཉིན་མོ་དེ་ལ་ཉིད་ཀྱི་ཐུགས་རྗེ་ཁོ་ལ་གནང་བར་ཤོག་ཅིག ཡང་ཨེ་ཕེ་སུ་རུ་ཁོས་ཞུས་པའི་ཞབས་ཏོག་ཐམས་ཅད་ཁྱོད་ལ་རྒྱུས་ལེགས་པར་ཡོད༎