ཏི་མོ་ཐེའུ་ལ་བསྐུར་པའི་འཕྲིན་ཡིག་དང་པོ།
༡
ང་ཚོའི་སྐྱོབ་པ་དཀོན་མཆོག་དང་། ང་ཚོའི་རེ་ས་མཱ་ཤི་ཀ་ཡེ་ཤུའི་བཀའ་བཞིན་དུ། མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ཡིན་པའི་པའུ་ལུ་ངས། ༢ ཆོས་སྒོར་ཞུགས་པའི་ངའི་བདེན་པའི་བུ་ཏི་མོ་ཐེའུ་ལ། ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་མཱ་ཤི་ཀ་ཡེ་ཤུའི་ཐུགས་རྗེ་དང་སྙིང་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག༣-༤ དད་པ་ལ་རག་ལུས་པའི་དཀོན་མཆོག་གི་བཀོད་རིམ་གྱི་ཚབ་ལ་སེམས་ཀྱི་འཆར་སྒོ་མང་དུ་སྐྱེད་པའི་སྒྲུངས་དང་རྫོགས་སུ་མེད་པའི་སྐྱེ་རབས་རྣམས་ལ་བློ་མི་གཡེང་ཞིང་། ལྟ་བ་ཐ་དད་པ་མ་སྟོན་ཞེས་མི་དེ་དང་དེ་འདྲ་བར་བསླབ་བྱ་གཏོང་ཕྱིར། ཁྱོད་ཨེ་ཕེ་སུ་རུ་སྡོད་ཅིག་ཅེས་ང་མ་ཀེ་དོན་ཡུལ་དུ་འགྲོ་དུས་སུ་སྐུལ་བ་ལྟར་ད་ལྟའང་སྐུལ་ལོ། ༥ སྐུལ་མའི་དོན་ནི། སྙིང་གཙང་མ་དང་། ཤེས་པ་བཟང་པོ་དང་། ཁ་ཞེ་མེད་པའི་དད་པ་ལས་འབྱུང་བའི་བྱམས་སེམས་དེ་ཡིན། ༦ མི་དེ་ཚོས་དེ་སྤངས་ནས་སྙིང་པོ་མེད་པའི་ཚད་མའི་ཕྱོགས་སུ་གཏོལ་བ་ཡིན་ཏེ། ༧ ཅི་ཟེར་བ་དང་ཅི་སྟོན་པའི་དོན་རང་གིས་མ་གོ་ནའང་། བཀའ་ཁྲིམས་ཀྱི་སྟོན་པར་འགྱུར་བར་འདོད་དོ། ༨ བཀའ་ཁྲིམས་ནི་བཀའ་ཁྲིམས་བཞིན་བཀོལ་ན་བཟང་པོ་ཡིན་པ་ང་ཚོས་ཤེས་སོ། ༩ བཀའ་ཁྲིམས་ནི་མི་དྲང་པོ་རྣམས་ཀྱི་ཕྱིར་མ་ཡིན་གྱི། ཁྲིམས་མེད་པ་དང་། གཉའ་རེངས་པ་དང་། ཆོས་མེད་དང་། སྡིག་ཅན་དང་། དམ་པ་མ་ཡིན་པ་དང་། གྲིབ་ཅན་དང་། ཕ་བསད་པ་དང་། མ་བསད་པ་དང་། མི་བསད་པ་དང་། ༡༠ གཡེམ་པོ་དང་། ཕོ་ལ་སྤྱོད་མཁན་དང་། མི་རྣམས་འཚོང་མཁན་དང་། རྫུན་ཅན་དང་། མནའ་ལ་མི་རྩི་མཁན་དང་། ༡༡ ང་ལ་བཏད་པའི་དཀོན་མཆོག་རིན་པོ་ཆེའི་ཕྲིན་བཟང་དཔལ་ལྡན་གྱི་ཡང་དག་པའི་ལྟ་བ་དང་མི་མཐུན་པ་རྣམས་ཀྱི་ཕྱིར་ཡིན་པར་ཤེས་སོ༎
༡༢ ང་ཚོའི་གཙོ་བོ་མཱ་ཤི་ཀ་ཡེ་ཤུས་ང་བློ་དྲང་པོ་ཡིན་པར་རྩིས་ནས་ཁོང་གི་ཞབས་ཏོག་པར་བསྐོས་པས། ང་ལ་ནུས་པ་འདི་གནང་མཁན་ཁོང་ལ་གཏང་རག་འབུལ་ལོ། ༡༣ སྔར་ངས་ཁོང་ལ་སྐུར་བ་འདེབས་ཤིང་། འཚེ་ཞིང་སྨད་པ་ཡིན་ཀྱང་། དེ་ནི་ངས་མ་ཤེས་མ་དད་པར་དེ་ལྟར་བྱས་པ་ཡིན། ད་ང་ལ་སྙིང་རྗེ་བརྙེད་ནས། ༡༤ མཱ་ཤི་ཀ་ཡེ་ཤུ་ལས་བྱུང་བའི་དད་པ་དང་བྱམས་སེམས་དང་བཅས། ང་ཚོའི་གཙོ་བོའི་ཐུགས་རྗེ་ལྷག་པར་ཐོབ་བོ། ༡༥ མཱ་ཤི་ཀ་ཡེ་ཤུ་ནི་སྡིག་ཅན་རྣམས་སྐྱོབ་པའི་དོན་དུ་འཇིག་རྟེན་དུ་བྱོན་ཞེས་པའི་གཏམ་ནི། བདེན་པ་དང་ཉན་འོས་པ་ཞིག་ཡིན་ཅིང་། ང་རང་སྡིག་ཅན་གྱི་གཙོ་བོ་ཡིན། ༡༦ འོན་ཀྱང་ཚེ་མཐའ་མེད་པ་ཐོབ་པའི་ཕྱིར་ཁོང་ལ་དད་པ་རྣམས་ལ་དཔེ་རུ་འགྱུར་བའི་དོན་དུ། ཡེ་ཤུ་མཱ་ཤི་ཀའི་ཐུགས་བཟོད་ཚད་མེད་ངའི་ནང་སྟོན་པའི་ཕྱིར། ང་ལ་སྙིང་རྗེ་བརྙེས་པ་ཡིན་ནོ། ༡༧ ཐོག་མཐའ་མེད་པའི་རྒྱལ་པོ། རྟག་པ། མི་སྣང་བ། གཅིག་ལགས་པའི་དཀོན་མཆོག་ལ་བསྐལ་པ་ནས་བསྐལ་པར་སྟི་སྟང་དང་བསྟོད་པ་འབྱུང་བར་ཤོག་ཅིག ཨ་མེན༎
༡༨ ངའི་བུ་ཏི་མོ་ཐེའུ། ཁྱོད་ཀྱི་སྐོར་ལུང་དུ་བསྟན་པ་རྣམས་དང་བསྟུན་ཏེ། དད་པ་དང་ཤེས་བཟང་གི་སྒོ་ནས། ཁྱོད་ཀྱིས་འཐབ་མོ་བཟང་པོ་འཐབ་པའི་དོན་དུ། ངས་ཁྱོད་ལ་སྐུལ་ལོ། ༡༩ ཁ་ཅིག་གིས་ཤེས་བཟང་སྤངས་ཏེ་དད་པ་ནུབ་བོ། ༢༠ དེ་ཚོའི་ཁྲོད་ནས་ཡིན་པའི་ཧི་མེ་ནཱ་ཡུ་དང་ཨ་ལེག་སན་དེར་གཉིས་སྐུར་བ་མི་འདེབས་པ་སློབ་པའི་ཆེད་དུ་ངས་བདུད་ལ་བཏད་པ་ཡིན༎