སླད་མར་སྤུན་རྣམས། གཙོ་བོའི་བཀའ་ཁྱེད་ཚོའི་ནང་དུ་མྱུར་དུ་དར་ཞིང་རྣམ་པར་རྒྱལ་བ་ལྟར་ཕྱོགས་ཀུན་ཏུ་དར་བའི་ཕྱིར་དང་།  མི་ཐུ་བ་དང་ངན་པ་ལས་ང་ཚོ་འགྲོལ་བའི་ཕྱིར་གསོལ་བ་ཐོབ་ཅིག ཅིའི་ཕྱིར་ཞེ་ན། མི་ཡིན་ཚད་ལ་ནི་དད་སེམས་མེད་དོ།  གཙོ་བོ་ནི་སླུ་མེད་ལགས་པས། ཁྱེད་བརྟན་པོར་མཛད་ཅིང་ངན་པ་ལས་སྲུང་བར་འགྱུར་རོ།  ང་ཚོས་གདམས་པ་བཞིན་ཁྱེད་ཚོས་ད་ལྟ་བྱེད་པ་དང་ཕྱིས་སུའང་བྱེད་པའི་བློ་གདེང་གཙོ་བོ་ལས་བྱེད་དོ།  གཙོ་བོས་ཁྱེད་ཚོའི་སྙིང་དཀོན་མཆོག་ལ་ཆགས་པ་དང་མཱ་ཤི་ཀའི་ཕྱིར་སྒུག་པ་ལ་འཁྲིད་པར་ཤོག་ཅིག
 ང་ཚོ་ལས་ཐོས་པའི་གཏམ་རྒྱུད་བཞིན་མ་ཡིན་པར་ལེ་ལོར་གནས་པའི་སྤུན་རྣམས་དང་མ་འགྲོགས་ཤིག ཅེས་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་བརྗོད་ཅིང་ཁྱེད་སྤུན་རྣམས་ལ་སྐུལ་ལོ།  ང་ཚོའི་ལད་མོ་བྱེད་དགོས་པ་ཁྱེད་ཚོས་ཤེས་སོ། ཁྱེད་དང་མཉམ་ཡོད་དུས་སུ་ང་ཚོས་ལེ་ལོ་མ་བྱེད་པར།  ཁྱེད་ཚོ་སུ་ལའང་དཀའ་ཚེགས་མི་གཏོང་ཕྱིར། འབད་རྩོལ་དང་དཀའ་ལས་ཀྱིས་ཉིན་མཚན་མེད་པར་ལས་བྱས་ཏེ། རིན་མ་སྦྱིན་པར་སུ་ལས་ཀྱང་ཁ་ཟས་མ་ཟོས་ཤིང་།  ང་ཚོས་ཟ་མི་ཆོག་པས་དེ་ལྟར་བྱས་པ་མིན། ཁྱེད་ཚོས་ང་ཚོའི་ལད་མོ་བྱེད་ཕྱིར་སྤྱོད་ལམ་གྱི་དཔེ་ཞིག་བསྟན་པ་ཡིན། ༡༠ ཁྱེད་ཚོའི་རྩར་ཡོད་དུས་ལས་བྱེད་མི་འདོད་པ་དེས་ཁ་ཟས་ཀྱང་ཟ་བར་མི་རིགས་སོ་ཞེས་གདམས་པ་ཡིན། ༡༡ ཁྱེད་ཚོ་ཁ་ཅིག་གིས་ལས་ཡིན་པ་ཞིག་མི་བྱེད་པར་དོན་མེད་ཀྱི་ལས་བྱེད་ཅིང་ལེ་ལོར་གནས་པ་ཐོས་སོ། ༡༢ དེ་འདྲ་བ་རྣམས། གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཆེད་དུ། ཅ་ཅོ་མེད་པར་རང་ཟན་ཟོས་ཤིག ཅེས་བསྒོ་ཞིང་སྐུལ་ལོ། ༡༣ སྤུན་རྣམས་ལས་བཟང་བྱེད་པ་ལ་མ་སུན་ཞིག ༡༤ སུ་ཞིག་གིས་ཡི་གེ་འདི་ནང་ང་ཚོས་ཟེར་བ་ལ་མི་ཉན་ན། མི་དེ་ཡིད་ལ་བཟུང་སྟེ། ཁོ་ངོ་ཚ་བར་འགྱུར་བའི་ཕྱིར་ཁོ་དང་མ་འགྲོགས་ཤིག ༡༥ དགྲ་བོ་ལྟར་མི་རྩི་བར་སྤུན་ལྟར་བརྩིས་ཏེ་བསླབ་བྱ་ཐོང་ཞིག
༡༦ ཞི་བདེའི་གཙོ་བོ་ཉིད་ཀྱིས་དུས་དང་རྣམ་པ་ཐམས་ཅད་དུ་ཁྱེད་ལ་ཞི་བདེ་གནང་བར་ཤོག་ཅིག་གཙོ་བོ་ཁྱེད་དང་འགྲོགས་པར་ཤོག་ཅིག
༡༧ ཕྱག་འབུལ་བ་འདི་པའུ་ལུ་ངས་རང་གི་ལག་པས་བྲིས་སོ། དེ་ངའི་འབྲི་ལུགས་ཡིན་པས་ངའི་ཡི་གེ་ཐམས་ཅད་ནང་ངའི་རྟགས་དེའོ། ༡༨ ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་རྣམས་དང་འགྲོགས་པར་ཤོག་ཅིག། ༎