༢
ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་སླར་འབྱོན་པ་དང་། ང་ཚོ་ཁོང་གི་སྤྱན་སྔར་འཛོམ་པའི་སྐོར་ལ། ༢ གཙོ་བོའི་ཉིན་མོ་བསླེབས་སོ་ཞེས་ཟེར་བའི་ལུང་བསྟན་ནམ། གཏམ་མམ། ང་ཚོའི་ཕྱོགས་ནས་ཡིན་པ་ལྟ་བུའི་ཡི་གེས་ཁྱེད་སྤུན་རྣམས་ལ་འུར་སེམས་གཡོ་ཞིང་མ་འཇིགས་ཤིག་ཅེས་ཞུའོ། ༣ སུས་ཀྱང་ཅི་ས་ནས་ཁྱེད་སླུ་རུ་མ་ཆུག་ཅིག དང་པོར་བསྟན་དགྲ་དེ་མི་འོང་ཞིང་། བཀའ་ཁྲིམས་མེད་པའི་འཇིག་པའི་བུ་དེ་མི་མངོན་པའི་བར་དུ། ཉིན་མོ་དེ་མི་འོང་། ༤ དེས་ལྷར་འབོད་པ་ཐམས་ཅད་དང་རྟེན་ཐམས་ཅད་ལ་དགྲར་སྡང་ཞིང་། དཀོན་མཆོག་གི་མཆོད་ཁང་དུ་བསྡད་དེ། ང་ནི་དཀོན་མཆོག་ཡིན་ཞེས་ཟེར་བར་ཡང་འགྱུར་རོ། ༥ ང་རང་ཁྱེད་ཚོའི་རྩར་ཡོད་ཙ་ན་ཁྱེད་ཚོར་གཏམ་དེ་བཤད་པ་མི་དྲན་ནམ། ༦ ཁོ་རང་གི་དུས་ལ་མངོན་པའི་ཕྱིར་ད་ལྟ་གེགས་ཤིག་ཡོད་པ་དེ་ཁྱེད་ཚོས་ཤེས་སོ། ༧ མ་གཞི་ཁྲིམས་འཆལ་གྱི་གསང་བ་དེས་ལས་བྱེད་མུས་སུ་འདུག འོན་ཀྱང་ཁོ་རང་དཀྱིལ་ནས་ཕྱིར་མ་ཐོན་བར་དུ། ད་ལྟ་གེགས་ཤིག་ཡོད་དོ། ༨ དེ་ནས་ཁྲིམས་འཆལ་དེ་མངོན་པར་འགྱུར། གཙོ་བོ་ཡེ་ཤུས་ཉིད་ཀྱི་ཞལ་དབུགས་ཀྱིས་དེ་བརླག་ཅིང་། ཁོང་མངོན་པ་དང་འབྱོན་པའི་དབང་གིས་དེ་མེད་པར་མཛད་པར་འགྱུར། ༩-༡༠ ཐར་པ་གནང་བའི་བདེན་པ་ཉིད་ཀྱི་བྱམས་པ་མ་བླངས་པའི་རྐྱེན་གྱིས་འཇིག་རྒྱུ་ཡིན་པ་རྣམས་ཀྱི་ཕྱིར། ཁྲིམས་འཆལ་དེ་བདུད་ཀྱིས་ཞུས་པ་བཞིན་དུ་རྫུ་འཕྲུལ་དང་། ལས་ངོ་མཚར་ཆེ་བ་དང་། མི་རིགས་པའི་སྒྱུ་ཟོག་ཐམས་ཅད་དང་བཅས་ཏེ་འོང་བར་འགྱུར་རོ། ༡༡-༡༢ བདེན་པ་ཉིད་ལ་ཡིད་མི་ཆེས་ཤིང་མི་རིགས་པ་ལ་དགའ་མཁན་ཐམས་ཅད་ཀྱི་ཞལ་ཆེ་གཅོད་པའི་ཕྱིར། དཀོན་མཆོག་གིས་ཀུན་རྫོབ་ལ་བདེན་པར་ཤེས་པའི་ཕྱིར། དེ་ཚོར་འཁྲུལ་བ་ཆེན་པོ་ཞིག་གནང་བར་འགྱུར་རོ༎༡༣ ཐུགས་ཉིད་ཀྱི་ངང་ན་རྣམ་དག་བྱུང་ཞིང་། བདེན་པ་ཉིད་ལ་དད་ཅིང་ཐར་བའི་ཕྱིར་ཐོག་མ་ནས་དཀོན་མཆོག་གིས་འདམས་པ། གཙོ་བོའི་ཐུགས་སུ་བྱོན་པའི་སྤུན་ཁྱེད་རྣམས་ཀྱི་དོན་དུ། ང་ཚོས་དུས་རྒྱུན་དུ་དཀོན་མཆོག་ལ་གཏང་རག་འབུལ་བར་རིགས་སོ། ༡༤ ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་དཔལ་ཐོབ་པའི་ཕྱིར་དུ། ང་ཚོའི་ཕྲིན་བཟང་གི་སྒོ་ནས་ཁྱེད་ཚོ་བོས་པར་མཛད་པས། ༡༥ དེའི་ཕྱིར་སྤུན་རྣམས་བརྟན་པོར་གནས་ཤིག ཡང་ང་ཚོས་ངག་ལམ་དང་ཡི་གེའི་སྒོ་ནས་བསྟན་པའི་བསླབ་བྱའི་རྒྱུན་སྐྱོངས་ཤིག ༡༦ ང་ཚོར་བྱམས་ཤིང་ཐུགས་རྗེའི་སྒོ་ནས་མཐའ་མེད་པའི་སེམས་བདེ་བ་དང་རེ་བཟང་གནང་བའི། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཁོང་ཉིད་དང་། ང་ཚོའི་ཡབ་དཀོན་མཆོག་གིས། ༡༧ ཁྱེད་ཚོའི་ཡིད་ལ་བློ་གདེང་གནང་ནས། དགེ་བའི་ལས་དང་ངག་ལ་བརྟན་པར་མཛད་པར་ཤོག་ཅིག།