ཐེ་ས་ལོ་ནི་ཀེ་པར་བསྐུར་པའི་འཕྲིན་ཡིག་གཉིས་པ།
པའུ་ལུ་དང་སི་ལཱ་དང་ཏི་མོ་ཐེའུས། ཐེ་ས་ལོ་ནི་ཀེ་རུ་ཡོད་པའི་ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་སྟེན་པའི་ཆོས་ཚོགས་ཀྱི་དྲུང་དུ།  ཁྱེད་ལ་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག
 ཁྱེད་སྤུན་རྣམས་ཀྱི་དད་སེམས་རབ་ཏུ་འཕེལ་ཞིང་ཕན་ཚུན་བྱམས་པའི་སེམས་རྒྱས་ཤིང་ཡོད་པས། ང་ཚོས་རྟག་ཏུ་དཀོན་མཆོག་ལ་ཁྱེད་ཚོའི་ཕྱིར་གཏང་རག་འབུལ་བར་རིགས་སོ།  ཁྱེད་ཚོས་སྡུག་བསྔལ་དང་འཚེ་བ་མཐའ་དག་མྱོང་ཡང་། བཟོད་ཅིང་དད་པ་ལ་བརྟན་པོར་གནས་པས། དཀོན་མཆོག་གི་ཆོས་ཚོགས་རྣམས་ཀྱི་ནང་དུ་ང་ཚོས་ཁྱེད་ངོམ་མོ།  འདི་ནི་གང་གི་ཕྱིར་ཁྱེད་ཚོ་སྡུག་བསྔལ་མྱོང་བའི་དཀོན་མཆོག་གི་རྒྱལ་སྲིད་དུ་འཇུག་འོས་པ་ཡིན་པ་སྟོན་པའི་དཀོན་མཆོག་གི་ཞལ་ཆེ་དྲང་པོའི་མངོན་རྟགས་ཡིན་ཏེ། དཀོན་མཆོག་གི་རྒྱལ་སྲིད་གང་གི་ཕྱིར་ཁྱེད་ཚོས་དཀའ་ལས་བྱེད་པ་དེའི་ནང་འཇུག་འོས་པ་མཛད་ཕྱིར་ཡིན། ༦-༨ མེ་ལྕེ་འབར་བའི་ནང་ན་གཙོ་བོ་ཡེ་ཤུ་ཉིད་ཀྱི་ཕོ་ཉ་མཐུ་ལྡན་གྱི་འཁོར་དང་བཅས་ནམ་མཁའ་ནས། དཀོན་མཆོག་ལ་ངོ་མི་ཤེས་པ་དང་ང་ཚོའི་གཙོ་བོ་ཡེ་ཤུའི་ཕྲིན་བཟང་ལ་མ་ཉན་པ་རྣམས་ལ་ཆད་པ་གཅོད་ཕྱིར་མངོན་པར་བྱོན་པའི་ཚེ། ཁྱེད་ཚོར་འཚེ་བ་རྣམས་ལ་ལན་དུ་འཚེ་བ་དང་། འཚེ་བ་མྱོང་བ་ཁྱེད་ཚོར་ང་ཚོ་དང་མཉམ་དུ་ངལ་གསོ་གནང་བ་དེ་དཀོན་མཆོག་གིས་འོས་པར་གཟིགས་སོ། ༩-༡༠ ང་ཚོའི་དཔང་པོ་ལ་ཁྱེད་ཚོ་དད་པས། ཉིད་ཀྱི་དམ་པ་རྣམས་ཀྱི་དཀྱིལ་དུ་གཟི་བརྗིད་དང་ལྡན་ཞིང་། དད་ལྡན་རྣམས་ཀྱི་དཀྱིལ་དུ་ངོ་མཚར་རྨད་དུ་འབྱུང་བའི་ཕྱིར་ཁོང་བྱོན་པའི་ཉིན་མོར། དེ་ཚོར་གཙོ་བོའི་སྤྱན་སྔ་ནས་མཐུ་སྟོབས་ཀྱི་དཔལ་ལས་ཕྱིར་སྐྲོད་པ་དང་། མཐའ་མེད་པའི་འཆི་བའི་ཆད་པ་དེ་དག་ལ་འཕོག་པར་འགྱུར་རོ། ༡༡ དཀོན་མཆོག་གི་མཐུ་སྟོབས་ཀྱིས། ཁོང་གིས་བོས་པར་མཛད་པར་ཁྱེད་ཚོ་འོས་པ་དང་། འདུན་པ་བཟང་པོ་དང་། དད་པའི་ལས་དང་ལྡན་པའི་ཕྱིར་ང་ཚོས་དུས་རྒྱུན་དུ་སྨོན་ལམ་འདེབས་སོ། ༡༢ དེ་ལྟར་ང་ཚོའི་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་དང་བསྟུན་ནས། གཙོ་བོ་ཡེ་ཤུའི་མཚན་ཁྱེད་ཚོའི་ནང་དང་། ཁྱེད་ཚོ་ཁོང་གི་ནང་དུ་དཔལ་དང་ལྡན་པར་འགྱུར་རོ༎