ཐེ་ས་ལོ་ནི་ཀེ་པར་བསྐུར་པའི་འཕྲིན་ཡིག་དང་པོ།
༡
པའུ་ལུ་དང་སི་ལཱ་དང་ཏི་མོ་ཐེའུས། ཐེ་ས་ལོ་ནི་ཀེ་རུ་ཡོད་པའི། ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་བསྟེན་པའི་ཆོས་ཚོགས་ཀྱི་དྲུང་དུ། ཁྱེད་ཚོར་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག༢ ང་ཚོས་སྨོན་ལམ་ནང་དུ་ཁྱེད་ཚོ་རྟག་པར་དྲན་ཞིང་། ཁྱེད་ཚོ་ཐམས་ཅད་ཀྱི་ཕྱིར་རྒྱུན་དུ་དཀོན་མཆོག་ལ་གཏང་རག་འབུལ་ལོ། ༣ ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྒོ་ནས། ཁྱེད་ཚོའི་དད་པའི་ལས་དང་། བྱམས་པའི་ངལ་རྩོལ་དང་། རེ་བ་བརྟན་པོ་རྣམས། ཡབ་དཀོན་མཆོག་གི་སྤྱན་སྔར་རྒྱུན་ཆད་མེད་པར་དྲན་ནོ། ༤ དཀོན་མཆོག་གི་གཅེས་པའི་སྤུན་རྣམས། ཁྱེད་ཚོ་ཁོང་གིས་འདམས་པ་ང་ཚོས་ཤེས་སོ། ༥ ང་ཚོའི་ཕྲིན་བཟང་ཁྱེད་ཚོའི་རྩར་ཚིག་འབའ་ཞིག་མ་ཡིན་པར། དབང་དང་། དམ་པའི་ཐུགས་ཉིད་དང་། ཡིད་ཆེས་དང་བཅས་བསླེབས་སོ། ཁྱེད་ཚོའི་དོན་དུ་ང་ཚོས་དེར་ཇི་ལྟར་སྤྱད་པ་ཁྱེད་ཚོས་ཤེས་སོ། ༦ ཁྱེད་ཚོས་ཀྱང་སྡུག་བསྔལ་མྱོང་བཞིན། དམ་པའི་ཐུགས་ཉིད་ལས་བྱུང་བའི་དགའ་བས་བཀའ་བསྙེན་ཅིང་། ང་ཚོ་དང་གཙོ་བོ་མ་དཔེ་རུ་བཟུང་བས། ༧ མ་ཀེ་དོན་ཡཱ་དང་ཨ་ཁ་ཡཱ་ཡུལ་གྱི་དད་པ་ཅན་ཐམས་ཅད་ཀྱི་ཕྱིར་མ་དཔེ་རུ་གྱུར་ཏོ། ༨ ཁྱེད་ཚེའི་ཁྲོད་ལས་གཙོ་བོའི་བཀའ་མ་ཀེ་དོན་ཡཱ་དང་ཨ་ཁ་ཡཱ་རུ་གྲགས་པར་མ་ཟད། ཁྱེད་ཚོས་དཀོན་མཆོག་ལ་དད་པ་བྱེད་པའི་ལོ་རྒྱུས་ཕྱོགས་ཀུན་ཏུ་དར་བས། ང་ཚོས་ཅིའང་ཟེར་མི་དགོས་སོ། ༩ ཁྱེད་ཚོས་ང་ཚོ་ཇི་ལྟར་ནང་དུ་བསུས་པ་དང་། བདེན་པ་དང་གསོན་པོ་ལགས་པའི་དཀོན་མཆོག་ལ་བསྙེན་བཀུར་ཞུ་བའི་དོན་དུ་སྐུ་འདྲ་ལས་དཀོན་མཆོག་ལ་ཡིད་ཕྱོགས་པ་དང་། ༡༠ མ་འོངས་པའི་ཐུགས་ཁྲོ་ལས་ང་ཚོ་སྒྲོལ་བ་དང་། གཤིན་པོའི་ཁྲོད་ལས་སྐུ་གསོན་པོར་བསླངས་པའི་ཡེ་ཤུ། ནམ་མཁའ་ནས་ཕེབས་པའི་སྲས་ལ་སྒུག་པ། མི་རྣམས་ཁོང་རང་གིས་འཆད་དོ༎