༤
དཔོན་པོ་རྣམས། ཁྱེད་ལའང་ནམ་མཁར་དཔོན་པོ་ཞིག་བཞུགས་པར་ཤེས་ཏེ། གཡོག་པོ་ལ་དྲང་པོ་དང་འོས་པར་སྤྱོད་ཅིག༢ གཏང་རག་དང་བཅས་དྲན་ཤེས་ཀྱིས་རྒྱུན་ཆད་མེད་པར་གསོལ་བ་ཐོབ་ཅིག ༣-༤ གང་གི་དོན་དུ་ང་བཙོན་པ་ཡིན་པའི་མཱ་ཤི་ཀའི་གསང་བ་ངས་འཆད་འོས་པ་ལྟར་གསལ་པོར་འཆད་པར། གཏམ་གྱི་སྒོ་མོ་འབྱེད་ཕྱིར། དཀོན་མཆོག་ལ་གསོལ་བ་ཐོབ་ཅིག ༥ དུས་སྐབས་ཀྱི་ཁེ་བཟང་ལེན་ཞིང་། ཕྱི་པ་མཉམ་དུ་མཁས་པར་སྤྱོད་ཅིག ༦ ཐམས་ཅད་ལ་ལན་རིགས་པར་འདེབས་པ་ཤེས་པའི་ཕྱིར། དུས་རྒྱུན་དུ་ཁྱེད་ཚོའི་གཏམ་སྙན་པོ་ཚའི་བྲོ་བ་ལྟར་ལྡན་པར་དགོས།
༧ ངའི་གནས་ཚུལ་རྣམས་ཏི་ཁི་ཀུས་འཆད་པར་འགྱུར། ཁོ་སྤུན་གཅེས་པ་དང་། ཞབས་ཏོག་པ་དྲང་པོ་དང་། གཙོ་བོའི་ཕྱིར་གཡོག་གྲོགས་ཡིན་ཏེ། ༨ ང་ཚོའི་གནས་ཚུལ་ཤེས་པ་དང་། ཁྱེད་ཚོའི་སེམས་གསོ་བ་ཁོ་ནའི་དོན་དུ་ངས་གཏོང་ངོ་། ༩ ཁོ་དང་མཉམ་ཁྱེད་ཚོའི་སྤུན་གཅེས་པ་དང་དྲང་པོ་ཡིན་པ་ཨོ་ནེ་སི་མུ་གཏོང་ཞིང་། དེ་དག་གིས་འདི་རུ་བྱུང་བ་ཐམས་ཅད་འཆད་པར་འགྱུར་རོ༎
༡༠-༡༡ ངའི་བཙོན་གྲོགས་ཨ་རིས་ཏར་ཀུ་དང་། གཞན་ཡང་ཡུས་ཏུ་བྱ་བའི་ཡེ་ཤུ་དང་བར་ན་བཱའི་གཉེན་མར་ཀུས་ཀྱང་ཕྱག་བྱེད་དོ། མར་ཀུའི་སྐོར་ཁྱེད་ཚོར་བསླབ་བྱ་བཏང་ཡོད། ཁོ་སླེབས་ན་ནང་ལ་བསུས་ཤིག ཡ་ཧུ་དཱ་པའི་ཁྲོད་ནས་འདི་གསུམ་འབའ་ཞིག་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཕྱིར་ངའི་ལས་རོགས་ཡིན་ཏེ། དེ་ཚོས་ངའི་སེམས་གསོའོ། ༡༢ ཁྱེད་ཚོའི་ཡིན་པའི་ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་ཨེ་པབ་རཱ་ཡིས། ཁྱེད་ཚོ་དཀོན་མཆོག་གི་ཐུགས་དགོངས་རྣམས་ལ་བློ་གདེང་དང་མཐར་ཕྱིན་པའི་ཕྱིར་རྟག་ཏུ་གསོལ་བ་འདེབས་པ་ལ་བརྩོན་ཞིང་ཁྱེད་ཚོ་ལ་ཕྱག་བྱེད་དོ། ༡༣ ཁོས་ཁྱེད་ཚོ་དང་ལའོ་དི་ཀཱ་པ་དང་ཧི་རཱ་པོ་ལི་པ་རྣམས་ཀྱི་དོན་དུ་འབད་རྩོལ་ཆེན་པོ་བྱེད་པ་ལ་ངས་དཔང་པོ་བྱེད་དོ། ༡༤ དེ་མཱ་དང་གཅེས་པའི་ཨམ་ཆི་ལུ་ཀཱས་ཕྱག་བྱེད་དོ། ༡༥ ལའོ་དི་ཀཱ་རུ་ཡོད་པའི་སྤུན་རྣམས་དང་། ནིམ་ཕཱ་དང་དེའི་ཁྱིམ་དུ་འདུ་བའི་ཆོས་ཚོགས་ལ་ཕྱག་འབུལ་ལོ་ཞུས་ཤིག ༡༦ ཡི་གེ་འདི་ཁྱེད་ཚོས་བཀླག་ནས། ལའོ་དི་ཀཱའི་ཆོས་ཚོགས་ལའང་ཀློག་ཏུ་ཆུག་ཅིག ལའོ་དི་ཀཱ་ནས་བསླེབ་འོང་བའི་ཡི་གེ་ཁྱེད་ཚོས་ཀྱང་ཀློག་ཅིག ༡༧ ཨར་ཀིབ་པུ་ལ། གཙོ་བོའི་སྒོ་ནས་ཞབས་ཏོག་གི་ལས་བཏད་པ་དེ་སྒྲུབས་ཤིག་ཅེས་སྨྲོས་ཤིག
༡༨ ཕྱག་བྱེད་པ་འདི་ང་པའུ་ལུ་རང་གི་ལག་པས་འབྲིའོ། ངའི་ལྕགས་སྒྲོག་དྲན་པར་གྱིས་ཤིག ཁྱེད་ཚོར་ཐུགས་རྗེ་འབབ་པར་ཤོག་ཅིག། ༎