ཕི་ལིབ་པི་པར་བསྐུར་པའི་འཕྲིན་ཡིག
༡
མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་པའུ་ལུ་དང་ཏི་མོ་ཐེའུས། ཕི་ལིབ་པི་རུ་བཞུགས་པའི་མཱ་ཤི་ཀ་པ་དང་། དེའི་དོ་དམ་པ་དང་ཞབས་ཏོག་པ་ཐམས་ཅད་ཀྱི་དྲུང་དུ། ༢ ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱེད་ཚོ་ལ་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག༣ ངས་ཁྱེད་ཚོ་དྲན་པའི་ཚེ་ངའི་དཀོན་མཆོག་ལ་གཏང་རག་འབུལ་ཞིང་། ༤-༥ ཁྱེད་ཚོས་ཞག་དང་པོ་ནས་ད་ལྟའི་བར་དུ་ཕྲིན་བཟང་སྤེལ་བ་ལ་འགན་ལེན་པའི་དྲིན་དྲན་ཞིང་། རྟག་ཏུ་ཁྱེད་ཚོའི་དོན་དུ་སྨོན་ལམ་ཐམས་ཅད་ནང་དགའ་བཞིན་དུ་གསོལ་བ་འདེབས་སོ། ༦ ཁྱེད་ཚོའི་ནང་ཕྲིན་ལས་བཟང་པོ་བརྩམས་པ་ཁོང་ཉིད་ཀྱིས་ཡེ་ཤུ་མཱ་ཤི་ཀའི་ཉིན་མོའི་བར་དུ་མཐར་ཕྱིན་པར་མཛད་པའི་བློ་གདེང་བྱེད་དོ། ༧ ང་བཙོན་ལ་འགྲོ་ཞིང་། ཕྲིན་བཟང་གི་ཁུངས་སྐྱེལ་བ་དང་གཏན་ལ་འབེབས་ཙ་ན། ཁྱེད་ཐམས་ཅད་ཀྱང་ང་དང་མཉམ་དུ་ཐུགས་རྗེ་མཉམ་ཐོབ་ཡིན་པས། ངས་གཅེས་པར་འཛིན་ཅིང་། ཁྱེད་ཚོའི་ཕྱོགས་སུ་དེ་ལྟར་སེམས་པར་རིགས་སོ། ༨ ངས་མཱ་ཤི་ཀ་ཡེ་ཤུ་ལ་གདུང་བ་ལྟ་བུར་ཁྱེད་ཐམས་ཅད་ལ་གདུང་བ་དཀོན་མཆོག་དཔང་དུ་འཛུག ༩ ཁྱེད་ཚོའི་རྟོགས་པ་དང་དཔྱོད་པའི་སྒོ་ནས་བྱམས་སེམས་ལྷག་པར་འཕེལ་བའི་ཕྱིར་གསོལ་བ་འདེབས་སོ། ༡༠ དེ་ནས་ཁྱེད་ཚོས་གལ་ཆེ་བ་དེ་འདམ་ཞིང་། མཱ་ཤི་ཀའི་ཉིན་མོའི་བར་དུ་གཙང་མ་དང་སྐྱོན་མེད་པར་གནས་ཤིང་། ༡༡ དཀོན་མཆོག་ལ་དཔལ་དང་བསྟོད་པ་འབྱུང་ཕྱིར། ཡེ་ཤུ་མཱ་ཤི་ཀ་ནས་འབྱུང་བའི་དྲང་བ་ཉིད་ཀྱི་འབྲས་བུས་ཁྱབ་པར་འགྱུར་རོ༎
༡༢ སྤུན་རྣམས། ང་ལ་ཇི་བྱུང་བ་ཕྲིན་བཟང་སྤེལ་བའི་རྒྱུར་གྱུར་པ་དེ་ཁྱེད་ཚོར་འཆད་པར་དགའོ། ༡༣ ཕོ་བྲང་ཡོངས་རྫོགས་དང་གཞན་ཐམས་ཅད་ལ་ང་ནི་མཱ་ཤི་ཀའི་དོན་དུ་བཙོན་པ་ཡིན་པའི་ལོ་རྒྱུས་དར་ཏོ། ༡༤ ང་བཙོན་པར་གྱུར་པའི་རྐྱེན་གྱིས། སྤུན་མང་ཤོས་མཱ་ཤི་ཀ་ལ་བློ་གདེང་འཕེལ་ཞིང་། དཀོན་མཆོག་གི་བཀའ་མ་འཇིགས་པར་འཆད་པ་ལ་སྤོབས་པ་ཆེ་བར་གྱུར་ཏོ༎
༡༥ ཁ་ཅིག་གིས་བཀའ་དེ་ཕྲག་དོག་དང་འགྲན་སེམས་ཀྱིས་འཆད་པ་དང་། ཁ་ཅིག་གིས་སེམས་བཟང་གིས་འཆད་དོ། ༡༦ རྗེས་མ་རྣམས་ཀྱིས་ང་ཕྲིན་བཟང་གི་ཁུངས་སྐྱེལ་དུ་འདིར་ཡོད་པ་ཤེས་ཤིང་བྱམས་སེམས་ཀྱི་སྒོ་ནས་མཱ་ཤི་ཀ་འཆད་ཅིང་། ༡༧ སྔ་མ་རྣམས་ཀྱིས་བཙོན་ནང་ངའི་སྡུག་བསྔལ་ཆེ་རུ་གཏོང་ཕྱིར། ཕྱོགས་རིས་དང་ལོག་པའི་སེམས་ཀྱི་སྒོ་ནས་འཆད་དོ། ༡༨ དེས་ཅི་སྟོ། སེམས་ལོག་པར་རམ་དྲང་པོ་གང་རུང་གིས་མཱ་ཤི་ཀ་འཆད་པས། ང་ད་ལྟ་དགའ་སྟེ་ཕྱིས་སུའང་དགའ་བར་འགྱུར་རོ། ༡༩ ཁྱེད་ཚོའི་སྨོན་ལམ་དང་། ཡེ་ཤུ་མཱ་ཤི་ཀའི་ཐུགས་ཉིད་ཀྱི་མཐུས་ང་ཐར་བའི་རྒྱུར་འགྱུར་བ་ཤེས་སོ། ༢༠ ང་རྩད་ནས་ངོ་མི་ཚ་བར། གསོན་རུང་ཤི་རུང་སྙིང་སྟོབས་ཆེན་པོས་དུས་སྐབས་ཐམས་ཅད་དུ་ངའི་ལུས་ཀྱི་སྒོ་ནས་མཱ་ཤི་ཀ་ལ་སྙན་གྲགས་འབྱུང་བ་ངའི་འདོད་པ་དང་རེ་བ་ཡིན།
༢༡ ང་གསོན་པ་མཱ་ཤི་ཀའི་ཕྱིར་དུ་སྟེ། འཆི་བའང་ང་ལ་ཕན་ནོ། ༢༢ ང་ལུས་ཀྱི་ནང་ན་གསོན་པ་ངའི་ལས་ལ་ཕན་ན། གང་དེ་འདམ་པར་བྱ་མི་ཤེས་སོ། ༢༣ ང་སོམ་ཉི་ཡིས་མནན་ཏེ། མཱ་ཤི་ཀ་དང་མཉམ་དུ་སྡོད་པ་ལྷག་པར་དུ་ལེགས་པས་ང་དེར་འགྲོ་བར་འདོད་ཀྱང་། ༢༤ ཁྱེད་ཚོའི་དོན་དུ་ལུས་ཀྱི་ནང་སྡོད་པ་གལ་ཆེ་བས། ༢༥ ཁྱེད་ཚོ་དད་པའི་ནང་དགའ་ཞིང་ཡར་སྐྱེད་དུ་འབྱུང་བའི་ཕྱིར། ང་གསོན་པོར་ལུས་ཏེ་ཁྱེད་ཚོ་དང་མཉམ་དུ་གནས་པར་འགྱུར་བ་ཤེས་ཤིང་བློ་གདེང་བྱེད་དོ། ༢༦ དེ་ལྟར་ང་སླར་ཁྱེད་ཚོའི་རྩར་བསླེབ་པའི་སྒོ་ནས་ཁྱེད་ཚོར་མཱ་ཤི་ཀ་ཡེ་ཤུ་ངོམ་པའི་རྒྱུ་ལྷག་པར་དུ་ཐོབ་པར་འགྱུར།
༢༧ ཁྱེད་ཚོ་ལ་གཅིག་ཡོད་དགོས་པ་དེ་ཁྱེད་ཚོའི་སྤྱོད་ལམ་མཱ་ཤི་ཀའི་ཕྲིན་བཟང་དང་མཚུངས་པ་དེའོ། དེ་ནས་ཁྱེད་ཅག་མཇལ་རུང་མི་མཇལ་རུང་། ཁྱེད་ཚོ་སེམས་གཅིག་ནང་བསྟན་ཏེ་ཕྲིན་བཟང་གི་དད་པའི་ཕྱིར་སྙིང་གཅིག་ནས་བརྩོན་འགྲུས་བྱེད་པ་ངས་ཐོས་པར་འགྱུར། ༢༨ དགྲ་བོ་ལ་རྒོལ་བ་ནི་དེ་རྣམས་སྟོངས་པ་དང་། ཁྱེད་ཚོ་ལ་དཀོན་མཆོག་ནས་ཐར་པ་བྱུང་བའི་ལྟས་ཡིན་པས་མ་འཇིགས་ཤིག ༢༩ ཁྱེད་ཚོར་མཱ་ཤི་ཀའི་ཕྱིར་དུ་ཁོང་ལ་དད་པ་འབའ་ཞིག་མ་ཟད་པར། ཁོང་གི་ཕྱིར་དུ་སྡུག་བསྔལ་མྱང་བའང་གནང་བ་ཡིན། ༣༠ ངས་འཐབ་པའི་འཐབ་མོ་སྔར་མཐོང་བ་དང་ད་ལྟ་ཐོས་པ་དེ་ཀ་ཁྱེད་ཚོས་ཀྱང་འཐབ་བོ༎