ཨེ་ཕེ་སུ་པར་བསྐུར་པའི་འཕྲིན་ཡིག
༡
དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ཡིན་པའི་པའུ་ལུས། ཨེ་ཕེ་སུ་རུ་ཡོད་པའི་སྐྱེས་བུ་དམ་པ་རྣམས་དང་། མཱ་ཤི་ཀ་ཡེ་ཤུ་ལ་དད་པ་རྣམས་ཀྱི་དྲུང་དུ། ༢ ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱེད་ལ་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག༣ ངེད་མགོན་ཡེ་ཤུ་མཱ་ཤི་ཀའི། དཀོན་མཆོག་ཡབ་ལ་བསྟོད་བསྔགས་ཤོག ནམ་མཁའི་ཐུགས་ཉིད་ཀྱིས་བརླབས་པའི། ང་ཚོར་མཱ་ཤི་ཀའི་ངང་ནས། ༤-༥ དཀོན་མཆོག་དྲུང་དུ་ང་ཚོ་རྣམས། དམ་པ་སྐྱོན་མེད་འགྱུར་བའི་ཕྱིར། འཇིག་རྟེན་མ་བཀོད་སྔོན་རོལ་དུ། མཱ་ཤི་ཀའི་ནང་ངེད་འདམས་སོ། ༦-༧ ཐུགས་སུ་བྱོན་པ་ཁོང་རྒྱུད་ནས། བླུ་རིན་མེད་པའི་གསོལ་རས་སུ། གནང་བའི་ཐུགས་རྗེའི་དཔལ་བསྟོད་ཕྱིར། ཉིད་ཀྱི་ཐུགས་ཀྱི་དགོངས་པ་བཞིན། ཡེ་ཤུ་མཱ་ཤི་ཀའི་ཐབས་ཀྱིས། ཁོང་གི་སྲས་སུ་ངེད་འགྱུར་བར། བརྩེ་བས་གདོད་ནས་ཐུགས་ཐག་བཅད། ༨ ཁོང་གི་ཡེ་ཤེས་དང་རྟོགས་པས། ང་ཚོར་ལན་མང་གནང་བ་ཡི། དཔག་ཏུ་མེད་པའི་ཐུགས་རྗེ་ཡི། སྲས་ཀྱི་སྐུ་ཁྲག་གི་སྒོ་ནས། ཁོང་རྒྱུད་ངེད་ལ་ཐར་པ་དང་། ཉེས་སྐྱོན་རྣམས་ཀྱི་སྡིག་སེལ་ཐོབ། ༩-༡༠ བསྐལ་པ་ཡོངས་སུ་རྫོགས་འགྱུར་ཏེ། གནམ་དང་ས་ལ་གནས་པ་ཀུན། མཱ་ཤི་ཀ་འོག་བསྡུ་བའི་གྲལ། ཉིད་ཀྱི་དགོངས་པའི་གསང་བ་དེ། ངེད་ལ་མངོན་པར་མཛད་པ་ཡིན། ༡༡-༡༢ ཐམས་ཅད་ཉིད་ཀྱི་བྱུས་བཞིན་དུ། མཛད་པ་ཁོང་གི་དགོངས་པ་ལྟར། ང་ཚོ་མཱ་ཤི་ཀར་རེ་རྣམས། ཁོང་གི་དཔལ་ལ་བསྟོད་ཕྱིར་བསྐོས། ༡༣ ཐར་པའི་འཕྲིན་བཟང་བདེན་པའི་བཀའ། ཐོས་ནས་དད་པ་ཁྱེད་རྣམས་ལའང་། ཞལ་གྱིས་བཞེས་པའི་ཐུགས་ཉིད་ཀྱི། ཕྱག་རྒྱ་བཏབ་པར་མཛད་པའོ། ༡༤ དེ་ནི་ཐར་པའི་ནོར་སྐལ་དེ། ངེད་ལ་ཐོབ་རིང་གཏའ་མ་འོ། དཀོན་མཆོག་དཔལ་ལ་བསྟོད་བསྔགས་སོ༎
༡༥ ཁྱེད་ཚོས་གཙོ་བོ་ཡེ་ཤུ་ལ་དད་པ་དང་། མཱ་ཤི་ཀ་པ་ཐམས་ཅད་ལ་གཅེས་པར་ཐོས་པས། ༡༦ ངས་ཁྱེད་ཚོའི་ཕྱིར་རྒྱུན་ཆད་མེད་པར་གཏང་རག་འབུལ་ཞིང་། སྨོན་ལམ་ནང་འདི་ལྟར་དྲན་ནོ། ༡༧ དཔལ་དང་ལྡན་པའི་ཡབ་ལགས་པ། ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་དཀོན་མཆོག་གིས། ཁྱེད་ཚོར་ཁོང་ཉིད་རིག་པའི་ཕྱིར། ཤེས་རབ་དང་རྟོགས་པའི་སེམས་གནང་བར་ཤོག་ཅིག ༡༨ དེ་ནས་ཁྱེད་ཚོའི་སྙིང་གི་མིག་འོད་དང་ལྡན་ཞིང་། རེ་བ་གང་ལ་ཁྱེད་ཚོ་བོས་པ་དང་གཅིག མཱ་ཤི་ཀ་པའི་ནང་དུ་ནོར་སྐལ་གྱི་དཔལ་འབྱོར་དང་གཉིས། ༡༩ ང་ཚོ་དད་ལྡན་རྣམས་ཀྱི་ཕྱིར་ཁོང་གི་མཐུ་སྟོབས་དང་གསུམ་གྱི་ལོངས་སྤྱོད་དེ། ཇི་ལྟ་བུའི་དཔག་མེད་ཡིན་པ་ཤེས་པར་འགྱུར་རོ། ༢༠ མཐུ་སྟོབས་ཀྱི་ནུས་པ་མཱ་ཤི་ཀའི་ངང་ནས་བསྟན་ཏེ། ཁོང་གཤིན་པོའི་ཁྲོད་ནས་སྐུ་གསོན་པོར་བསླངས་ནས། ནམ་མཁའི་ཞིང་ཁམས་ནང་། ཉིད་ཀྱི་ཕྱག་གཡས་སུ་བཞག་སྟེ། ༢༡ ད་ལྟ་དང་མ་འོངས་པའི་དབང་དང་། སྲིད་དང་མངའ་ཐང་དང་། རྒྱལ་སྲིད་དང་། བརྗོད་པའི་མཚན་ང་ཐམས་ཅད་ལས་རབ་ཏུ་མཐོ་བ་ཁོང་ལ་གནང་ངོ་། ༢༢ ཐམས་ཅད་ཁོང་གི་ཞབས་འོག་ཏུ་བཅུག་སྟེ། ཁོང་ཐམས་ཅད་ཀྱི་དབུ་རུ་བསྐོས་ཏེ། ཆོས་ཚོགས་ལ་གནང་ངོ་། ༢༣ ཆོས་ཚོགས་ནི་ཚང་མ་གང་བའི་གང་བ་ཉིད་ཀྱི་སྐུ་ལུས་ཡིན་ནོ༎