ཉེས་སྐྱོན་དང་སྡིག་པའི་རྐྱེན་གྱིས་ཤི་བ་ཁྱེད་ཚོའང་ཁོང་གིས་གསོན་པོར་མཛད།  སྔར་ཁྱེད་སྤྱོད་ལམ་དེ་ནང་འཇིག་རྟེན་གྱི་ལུགས་ལྟར་འགྲུལ་ནས། བཀའ་ལ་མི་ཉན་པའི་མི་བརྒྱུད་ནང་རྒྱུ་བའི་འབྱུང་པོའམ། བར་སྣང་གི་དབང་པོའི་རྗེས་སུ་འབྲངས་སོ།  མི་བརྒྱུད་དེའི་ཁྲོད་དུ། སྔར་ང་ཚོ་ཐམས་ཅད་ཀྱང་། རང་གི་འདོད་ཆགས་ལ་ལོངས་སྤྱད་དེ། ལུས་དང་ཡིད་ཀྱི་འདོད་པའི་དབང་དུ་སོང་ནས། གཞན་རྣམས་དང་འདྲ་བར་ཆད་པ་རང་བཞིན་གྱིས་ཕོག་འོས་པ་ཡིན་ནོ།  འོན་ཀྱང་སྙིང་རྗེ་དཔག་ཏུ་མེད་པའི་དཀོན་མཆོག་གིས། ༥-༦ ང་ཚོ་ཉེས་པའི་རྐྱེན་གྱིས་ཤི་བ་རྣམས་ལ་ཁོང་གི་བྱམས་པ་ཆེན་པོའི་སྒོ་ནས། མཱ་ཤི་ཀ་དང་མཉམ་དུ་གསོན་པོར་མཛད་དོ། དོན་དམ་ཐུགས་རྗེའི་ཐབས་ཀྱིས་ཁྱེད་ཚོ་ཐར་རོ།  མ་འོངས་པ་ན་མཱ་ཤི་ཀ་ཡེ་ཤུའི་སྒོ་ནས་ང་ཚོ་ལ་བཀའ་དྲིན་མཛད་པའི་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་སྟོན་པའི་ཕྱིར། ཁོང་མཉམ་ང་ཚོའང་གསོན་པོར་བསླངས་ནས། ནམ་མཁའི་ཞིང་ཁམས་ནང་ཁོང་མཉམ་སྡོད་པར་གནང་ངོ་།  དད་པའི་སྒོ་ནས་ཁྱེད་ཚོ་ཐུགས་རྗེ་ཡིས་ཐར་ཏེ། ཁྱེད་ཚོ་རང་ལས་མ་ཡིན་གྱི། དཀོན་མཆོག་གི་གནང་སྦྱིན་ནོ།  སུས་ཀྱང་ངོམ་པ་མི་བྱེད་ཕྱིར་ལས་ཀྱི་སྒོ་ནས་ཀྱང་མིན་ནོ། ༡༠ ང་ཚོ་ནི་དཀོན་མཆོག་གི་ཕྱག་བཟོ་ཡིན་ཏེ། མཱ་ཤི་ཀ་ཡེ་ཤུའི་ངང་ན་དཀོན་མཆོག་གིས་སྔར་བཤམས་པའི་ལས་བཟང་པོ་བྱེད་པའི་ཕྱིར་བཀོད་པ་ཡིན་ནོ༎
༡༡ མིའི་ལག་པས་བཅད་པའི་རྐྱེན་གྱིས་ཡ་ཧུ་དཱ་པའི་རྟགས་དང་ལྡན་ཞེས་འབོད་པ་དེ་ཚོས། ལུས་ལ་བལྟས་ཏེ་ལྷ་ཆོས་པ་ཡིན་པ་ཁྱེད་ཚོར་རྟགས་མེད་ཅེས་ཟེར་བ་ཡིད་ལ་བཟུང་ཞིག ༡༢ དེའི་དུས་སུ་ཁྱེད་མཱ་ཤི་ཀ་དང་བྲལ་ཏེ། ཨིས་ར་ཨེལ་གྱི་རྒྱལ་སྲིད་ལ་མི་གཏོགས་ཤིང་། ཞལ་ཆད་ལ་རྒྱུས་མེད་དང་། འཇིག་རྟེན་དུ་རེ་བ་མེད་པ་དང་། དཀོན་མཆོག་དང་བྲལ་བ་ཡིན་ནོ། ༡༣ སྔར་ཐག་རིང་དུ་ཡོད་པ་ཁྱེད་ཚོ་ད་ལྟ་མཱ་ཤི་ཀ་ཡེ་ཤུའི་ངང་ན། མཱ་ཤི་ཀའི་སྐུ་ཁྲག་གི་སྒོ་ནས་ཁྱེད་ཚོ་ཐག་ཉེ་བར་གྱུར་ཏོ༎
༡༤ ཁོང་ང་ཚོའི་སྡུམ་མཛད་མཁན་ཡིན་ཏེ། སྡང་སེམས་ཀྱི་བར་བཅད་བཤིག་ནས་གཉིས་པོ་གཅིག་ཏུ་མཛད་དོ། ༡༥ དེ་ལྟར་སྡུམ་སྟེ། ཉིད་ཀྱི་ངང་ན་དེ་གཉིས་གསར་པ་གཅིག་ཏུ་མཛད་པའི་ཕྱིར། ལུང་གི་བཀའ་ཁྲིམས་རྣམས་ཉིད་ཀྱི་སྐུ་ལུས་ཀྱི་སྒོ་ནས་མེད་པར་མཛད་དོ། ༡༦ རྒྱང་ཤིང་གི་ཐབས་ཀྱིས་སྡང་སེམས་བསད་ནས། གཉིས་པོ་སྐུ་ལུས་གཅིག་ནང་དཀོན་མཆོག་དང་སྡུམ་པར་མཛད་དོ། ༡༧ ཁོང་འདིར་ཕེབས་ནས་ཁྱེད་ཚོ་ཐག་རིང་པོ་ཡོད་པ་དང་ཐག་ཉེ་བར་ཡོད་པ་ལ་ཞི་བདེའི་ཕྲིན་བཟང་བསྒྲགས་སོ། ༡༨ ཁོང་རྒྱུད་ནས་ང་ཚོ་གཉིས་པོ་ཐུགས་ཉིད་གཅིག་གི་ནང་ཡབ་ཀྱི་དྲུང་དུ་སླེབས་སོ༎
༡༩ ཕྱིན་ཆད་ཁྱེད་ཚོ་ཡུལ་གཅིག་པ་མ་ཡིན་པའམ་འགྲུལ་པ་མ་ཡིན་གྱི། མཱ་ཤི་ཀ་པ་རྣམས་དང་ཡུལ་གཅིག་པ་དང་། དཀོན་མཆོག་གི་ནང་མིར་གཏོགས་པའོ། ༢༠ ཟུར་རྡོ་ཡེ་ཤུ་མཱ་ཤི་ཀ་ཡིན་ཅིང་། རྩིག་རྨང་སྐུ་ཚབ་དང་ལུང་སྟོན་པ་རྣམས་ཀྱི་སྟེང་དུ་ཁྱེད་ཚོ་བརྩིགས་སོ། ༢༡ ཁོང་ལ་རྟེན་ཏེ་རྩིག་པའི་བཀོད་པ་གཅིག་ཏུ་འཛོམ་ནས། མཆོད་ཁང་དམ་པ་ཞིག་བཞེང་ངོ་། ༢༢ དཀོན་མཆོག་ཐུགས་ཉིད་ཀྱི་རྣམ་པར་བཞུགས་པའི་གནས་སུ། ཁྱེད་ཚོའང་ཁོང་ལ་རྟེན་ཏེ་བརྩིགས་པ་ཡིན་ནོ༎