༣
ཁྱེད་ཕྱི་པ་རྣམས་ཀྱི་དོན་དུ་མཱ་ཤི་ཀ་ཡེ་ཤུའི་བཙོན་པ་ཡིན་པའི་པའུ་ལུ་ང་། ༢ ཁྱེད་ཚོའི་དོན་དུ་ང་ལ་དཀོན་མཆོག་གི་ཐུགས་རྗེའི་གཉེར་པའི་ལས་འགན་གནང་བའི། ༣ གསང་བ་དེ་ང་ལ་ཇི་ལྟར་མངོན་དུ་གྱུར་བའི་སྒོ་ནས་རྟོགས་པར་མཛད་པ་ཐོས་ཡོད་ན། ངས་མདོར་བསྡུས་བྲིས་པ་ལྟར། ༤ ཁྱེད་ཚོས་དེ་ཀློག་ཚེ་ངས་མཱ་ཤི་ཀའི་གསང་བའི་གཏིང་རྟོགས་པ་མཐོང་ཐུབ་བོ། ༥ དེ་སྔོན་གྱི་མི་རབས་ལ་མངོན་པ་མ་མཛད་པར། ད་ལྟ་ཐུགས་ཉིད་ཀྱིས་ཉིད་ཀྱི་སྐུ་ཚབ་དམ་པ་དང་ཆོས་སྟོན་པ་རྣམས་ལ་མངོན་པར་མཛད། ༦ དེ་ནི་ཕྲིན་བཟང་གི་སྒོ་ནས་ལྷ་ཆོས་པ་རྣམས་མཱ་ཤི་ཀ་ཡེ་ཤུའི་ངང་ན་ཞལ་བཞེས་ལ་མཉམ་དུ་སྤྱོད་མཁན་དང་། ལུས་གཅིག་གི་ཡན་ལག་དང་། ཐོབ་ཐང་མཉམ་པ་ཡིན་པ་དེའོ། ༧ དཀོན་མཆོག་གི་མཐུ་སྟོབས་ཀྱིས། ང་ལ་གནང་བའི་ཁོང་གི་ཐུགས་རྗེ་དང་བསྟུན་ཏེ་ང་ཕྲིན་བཟང་འདིའི་ཞབས་ཏོག་པར་གྱུར་པ་ཡིན། ༨ མཱ་ཤི་ཀ་པ་ཐམས་ཅད་ལས་ཆུང་ཤོས་ཡིན་པ་ང་ལ། མཱ་ཤི་ཀའི་བསམ་གྱིས་མི་ཁྱབ་པའི་དཔལ་འབྱོར་ལྷ་ཆོས་པ་ལ་འཆད་པ་དང་། ༩ ཅི་ཡོད་ཚད་བཀོད་པའི་དཀོན་མཆོག་གི་ནང་ན་གདོད་མ་ནས་སྦས་ཡོད་པའི་གསང་བའི་གྲལ་རིམ་མི་ཐམས་ཅད་ལ་སྣང་བར་བྱེད་པའི་ཐུགས་རྗེ་ང་ལ་གནང་བྱུང་། ༡༠ དེ་ནི་དཀོན་མཆོག་གི་ཡེ་ཤེས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ནམ་མཁའི་ཞིང་ཁམས་ན་ཡོད་པའི་དབང་དང་སྲིད་རྣམས་ལ་སྟོན་པའི་ཕྱིར་རོ། ༡༡-༡༢ གང་ལ་དད་པའི་སྒོ་ནས་ཡབ་ཀྱི་ཞལ་ངོར་སླེབས་པའི་སྤོབས་པ་དང་བློ་གདེང་ཡོད་པའི། ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ནང་དུ་གྲུབ་པ་ནི་དཀོན་མཆོག་གི་ཐོག་མ་མེད་པའི་དགོངས་པ་བཞིན་དུའོ། ༡༣ ངས་ཁྱེད་ཚོའི་དོན་དུ་མྱོང་བའི་སྡུག་བསྔལ་དེ་ཁྱེད་ཚོའི་ངོམ་རྒྱུ་དེ་ཡིན་པས། སེམས་འཕམ་མ་བྱེད་ཅིག་ཅེས་ཞུའོ༎༡༤-༡༥ གང་ལས་གནམ་ས་གཉིས་ནང་ཡོད་པའི་ནང་ཚང་རེ་རེ་ལ་མིང་ཐོགས་པའི་ཡབ་ཀྱི་དྲུང་དུ། པུས་མོ་ས་ལ་བཙུགས་ཏེ། ༡༦ འདི་སྐད་གསོལ་བ་འདེབས་སོ། ཁོང་གི་དཔལ་འབྱོར་དང་བསྟུན་ཏེ། ཐུགས་ཉིད་ཀྱིས་ཁྱེད་ཚོའི་སེམས་ཀྱི་སྟོབས་རྒྱས་ཤིང་། ༡༧ དད་པའི་སྒོ་ནས་མཱ་ཤི་ཀ་ཁྱེད་ཀྱི་ནང་དུ་བཞུགས་པར་ཤོག་ཅིག ༡༨ མཱ་ཤི་ཀ་པ་ཐམས་ཅད་དང་མཉམ་དུ། བྱམས་པའི་ནང་ན་རྩ་བ་རྒྱས་ཤིང་བརྟན་པོར་འགྱུར་ཏེ། དེའི་ཞེང་ཁྱད་དང་། རིང་ཁྱད་དང་། མཐོ་ཁྱད་དང་། ཟབ་ཁྱད་རྣམས་རྟོགས་པའི་སྟོབས་དང་ལྡན་ཅིག ༡༩ དཀོན་མཆོག་གི་གང་བ་ཉིད་ཀྱིས་ཁྱེད་ཚོ་གང་བའི་ཕྱིར། རྟོགས་པ་ལས་འདས་པའི་མཱ་ཤི་ཀའི་བྱམས་པ་རྟོགས་པར་གྱུར་ཅིག