ག་ལད་ཡཱ་པར་བསྐུར་པའི་འཕྲིན་ཡིག
༡
མིའི་ཕྱོགས་ནས་སམ་མིའི་རྐྱེན་གྱིས་མ་ཡིན་པར། ཡེ་ཤུ་མཱ་ཤི་ཀ་དང་ཁོང་གཤིན་པོ་ལས་བསླངས་པའི་ཡབ་དཀོན་མཆོག་གི་རྐྱེན་གྱིས་སྐུ་ཚབ་ཡིན་པའི་པའུ་ལུ་ང་དང་། ༢ ང་མཉམ་ཡོད་པའི་སྤུན་ཐམས་ཅད་ཀྱིས་ག་ལད་ཡཱའི་ཆོས་ཚོགས་རྣམས་ལ་ཡི་གེ་འདི་འབུལ་ལོ། ༣ ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱེད་ཚོ་ལ་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག ༤ མཱ་ཤི་ཀས་ནི་ང་ཚོའི་ཡབ་དཀོན་མཆོག་གི་ཐུགས་དགོངས་དང་བསྟུན་ཏེ། ང་ཚོ་སྙིགས་དུས་ངན་པ་འདི་ལས་སྒྲོལ་བའི་ཕྱིར་དུ་ང་ཚོའི་སྡིག་པའི་མཐོལ་བཤགས་ལ་ཉིད་ཀྱི་སྐུ་སྲོག་ཕུལ་བས། ༥ རྒྱུན་དུ་དཀོན་མཆོག་ལ་བསྟོད་དོ། ཨ་མེན༎༦ མཱ་ཤི་ཀའི་ཐུགས་རྗེའི་ངང་ལས་ཁྱེད་ཚོ་བོས་མཁན་ང་བོར་ནས། ཕྲིན་བཟང་གཞན་ཞིག་འདི་ཙམ་མྱུར་བར་བླངས་པ་ནི་ངོ་མཚར་ཆེའོ། ༧ ཕྲིན་བཟང་གཞན་ཞིག་མེད་ཀྱི། མི་རེས་ཁྱེད་དཀྲུགས་ནས་མཱ་ཤི་ཀའི་ཕྲིན་བཟང་ལ་ཕྱིན་ཅི་ལོག་ཏུ་སྒྱུར་བར་བརྩོན་ནོ། ༨ ང་ཚོས་སྔོན་དུ་བཤད་པའི་ཕྲིན་བཟང་ལས་གཞན་ཞིག་འཆད་མཁན་འབྱུང་ན། ང་ཚོ་ཡིན་རུང་། ནམ་མཁའི་ཕོ་ཉ་ཡིན་རུང་། མི་གླུད་དུ་གྱུར་ཅིག ༩ ང་ཚོས་སྔར་སྨྲས་པ་བཞིན་ཡང་སྐྱར་འདི་སྐད་དུ། ཁྱེད་ཚོས་བླངས་པའི་ཕྲིན་བཟང་ལས་གཞན་ཞིག་འཆད་པ་དེ་མི་གླུད་དུ་གྱུར་ཅིག་ཅེས་ཞུའོ༎
༡༠ ད་ངས་མི་རྣམས་དགའ་ཕྱིར་བརྩོན་ནམ། དཀོན་མཆོག་དགྱེས་ཕྱིར་བརྩོན། ད་དུང་ཡང་མི་རྣམས་དགའ་འཇུག་པར་བརྩོན་ནམ་ཅི། གལ་ཏེ་བརྩོན་པ་ཡིན་ན། མཱ་ཤི་ཀའི་ཞབས་ཕྱིར་མ་གྱུར་པ་ཡིན་ནོ༎
༡༡ ཁྱེད་སྤུན་རྣམས་ལ་ངས་བཤད་པའི་ཕྲིན་བཟང་དེ་མིའི་ལུགས་སུ་མ་ཡིན་པ་ཤེས་ཤིག ༡༢ ང་ལ་འདི་ནི་མིའི་ཕྱོགས་ནས་མ་ཐོབ། མིས་མ་བསླབས་ཀྱིས། ཡེ་ཤུ་མཱ་ཤི་ཀས་མངོན་པར་ཞལ་གཟིགས་པའི་སྒོ་ནས་ཐོབ་བོ༎
༡༣ སྔར་ངས་ཡ་ཧུ་དཱ་པའི་ཆོས་ལུགས་འཛིན་ཙ་ན་ངའི་སྤྱོད་ལམ་ཁྱེད་ཚོས་ཐོས་པ་ལྟར། ངས་དཀོན་མཆོག་གི་ཆོས་ཚོགས་ལ་ཚོད་མེད་འཚེ་ཞིང་བཅོམ་ནས། ༡༤ ཕ་མེས་ཀྱི་གནའ་སྲོལ་གྱི་དོན་ལ་ཤིན་ཏུ་བརྩོན་འགྲུས་ཆེ་བས། ན་མཉམ་གྱི་ཡ་ཧུ་དཱ་པ་གཞན་ལས་ངས་ཆོས་ལྷག་པར་བསྒྲུབས་སོ། ༡༥ འོན་ཀྱང་དཀོན་མཆོག་གིས་ང་མའི་མངལ་ནས་འདམས་ཏེ། ཐུགས་རྗེས་བོས་པར་མཛད་པ་ཁོང་གིས། ༡༦ ལྷ་ཆོས་པ་རྣམས་ལ་ཉིད་ཀྱི་སྲས་ཀྱི་མཚན་འཆད་པའི་དོན་དུ། སྲས་དེ་ང་ལ་ཐུགས་མངོན་པར་དགྱེས་མ་ཐག་ཏུ། ངས་ཤ་ཁྲག་དང་གྲོས་མ་བྱས། ༡༧ ང་ལས་སྔོན་དུ་སྐུ་ཚབ་ཏུ་གྱུར་པ་རྣམས་ཀྱི་རྩར་ཡེ་རུ་ཤ་ལེམ་དུའང་མ་སོང་བར། ཨ་རཱབ་ཡུལ་དུ་སོང་བའི་འོག་ཏུ། ད་མཱ་སེག་ཏུ་ཕྱིར་ལོག་གོ།
༡༨ དེ་ནས་ལོ་གསུམ་གྱི་རྗེས་སུ་ཀེ་ཕཱ་དང་འཕྲད་པའི་ཕྱིར་དུ་ཡེ་རུ་ཤ་ལེམ་དུ་སོང་ནས། ཁོའི་རྩར་ཞག་བཅོ་ལྔ་བསྡད་ཀྱང་། ༡༩ གཙོ་བའི་སྐུ་མཆེད་ཡ་ཀོབ་མ་གཏོགས་པར་སྐུ་ཚབ་གཞན་གཅིག་ཀྱང་མ་མཐོང་ངོ་། ༢༠ ངས་བྲིས་པ་འདི་ནི་དཀོན་མཆོག་དཔང་དུ་འཛུག་ནས་བདེན་ནོ། ༢༡ དེའི་འོག་ཏུ་ང་སི་རི་ཡཱ་དང་ཀི་ལིག་ཡུལ་ལྗོངས་སུ་འོངས་སོ། ༢༢ ཡ་ཧུ་དཱ་ཡུལ་དུ་ཡོད་པའི་མཱ་ཤི་ཀའི་ཆོས་ཚོགས་ཀྱིས་ང་ངོ་མ་ཤེས་ཀྱང་། ༢༣ གཞན་གྱི་ཁ་ནས། སྔོན་དུ་ང་ཚོར་གཙེས་ཤིང་ཆོས་མེད་པར་བྱས་པ་ཁོ་རང་གིས་ད་ལྟ་ཆོས་དེ་འཆད་དོ་ཞེས་པའི་གཏམ་ཐོས་ནས། ༢༤ ངའི་སྐོར་དཀོན་མཆོག་ལ་བསྟོད་བསྔགས་སོ༎