ཀོ་རིན་ཐུ་པར་བསྐུར་པའི་འཕྲིན་ཡིག་གཉིས་པ།
དཀོན་མཆོག་གི་ཐུགས་དགོངས་ཀྱིས་ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབས་ཡིན་པ་པའུ་ལུ་དང་སྤུན་ཏི་མོ་ཐེའུས། ཀོ་རིན་ཐུ་རུ་ཡོད་པའི་དཀོན་མཆོག་གི་ཆོས་ཚོགས་དང་། ཨ་ཁ་ཡཱ་རུ་ཡོད་པའི་མཱ་ཤི་ཀ་པ་ཐམས་ཅད་ཀྱི་དྲུང་དུ།  ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱེད་ཚོ་ལ་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག
 ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་ལགས་པའི་དཀོན་མཆོག་ཐུགས་རྗེ་ཅན་གྱི་ཡབ་དང་ང་ཚོ་སྡུག་བསྔལ་བའི་ཚེ་སེམས་གསོ་གནང་བའི་དཀོན་མཆོག་ལ་བསྟོད་པ་འབུལ་ལོ།  དཀོན་མཆོག་གིས་ང་ཚོ་ལ་གནང་བའི་སེམས་གསོ་དེས། སྡུག་བསྔལ་བ་རྣམས་ཀྱི་སེམས་གསོ་ནུས་པའི་ཕྱིར། ང་ཚོའི་སྡུག་བསྔལ་ཚང་མར་སེམས་གསོ་གནང་ངོ་།  མཱ་ཤི་ཀའི་སྡུག་བསྔལ་ང་ཚོས་ཇི་ཙམ་མྱོང་བ། དེ་ཙམ་མཱ་ཤི་ཀ་ནས་སེམས་གསོའང་མྱོང་ངོ་།  ང་ཚོ་སྡུག་བསྔལ་ན། ཁྱེད་ཚོའི་སེམས་གསོ་དང་ཐར་པའི་དོན་དུ་ཡིན། སེམས་བདེ་ན། དེའང་ཁྱེད་ཚོའི་སེམས་བདེ་བའི་དོན་དུ་ཡིན། གང་གིས་ང་ཚོས་ཐེག་པ་ལྟར་ཁྱེད་ཚོས་ཀྱང་བཟོད་པས་སྡུག་བསྔལ་ཐེག་ཐུབ་བོ།  ཁྱེད་ཚོ་ང་ཚོ་དང་སྐྱིད་སྡུག་གཅིག་པ་ཡིན་པས། ཁྱེད་ཚོའི་ཕྱིར་ང་ཚོའི་རེ་བ་མི་གཡོའོ༎
 ང་ཚོ་ལ་ཨ་སི་ཨ་རུ་བྱུང་བའི་སྡུག་བསྔལ་ཁྱེད་སྤུན་རྣམས་ཀྱིས་ཤེས་པར་ང་ཚོས་འདོད་དེ། ང་ཚོ་ཤིན་ཏུ་བཟོད་གླག་མེད་པར་མནན་ནས། གསོན་པོར་ལུས་པའི་རེ་བ་ཟད་དེ།  འཆི་བར་ངེས་བསམས་སོ། འོན་ཀྱང་དེ་ནི་རང་ལ་བློ་མི་བཏོད་པར་གཤིན་པོ་གསོན་པོར་སློང་བའི་དཀོན་མཆོག་ལ་བློ་གཏད་ཕྱིར་ཡིན་པར་འདུག་གོ། ༡༠ ཁོང་གིས་ང་ཚོ་དེ་ལྟ་བུའི་འཆི་བའི་ཉེན་ཁ་ལས་སྐྱབས་ནས། ད་ལྟའང་སྐྱོབ་ཅིང་། སླར་ཡང་བསྐྱབ་པར་མཛད་པ་ལ་རེ་བ་བྱེད་དོ། ༡༡ སྨོན་ལམ་མང་པོའི་སྒོ་ནས་ང་ཚོ་ལ་བྱུང་བའི་བྱིན་བརླབས་ཀྱི་ཆེད་དུ། མང་པོས་གཏང་རག་འབུལ་བའི་ཕྱིར། ཁྱེད་ཚོས་ཀྱང་སྨོན་ལམ་གྱི་སྒོ་ནས་ང་ཚོ་ལ་རོགས་བྱེད་དགོས་སོ༎
༡༢ ང་ཚོས་འཇིག་རྟེན་པ་དང་ལྷག་པར་དུ་ཁྱེད་ཀྱི་དཀྱིལ་དུ་འཇིག་རྟེན་གྱི་ཤེས་རབ་ཀྱི་སྒོ་ནས་མ་ཡིན་པར་དཀོན་མཆོག་གི་ཐུགས་རྗེ་ཡིས། སྤྱོད་ལམ་དམ་པ་དང་། གཙང་མ་ཆོས་དང་མཐུན་པ་སྤྱད་པ་ལ་ང་ཚོའི་ཤེས་བཟང་གིས་དཔང་པོ་བྱེད་པ་དེ་ནི་ང་ཚོའི་ངོམ་རྒྱུ་དེའོ། ༡༣ ཁྱེད་ཚོས་ཀློག་པ་དང་གོ་ཐུབ་པ་ལས་གཞན་མི་འབྲི་ཞིང་། ཁྱེད་ཚོས་ཟུར་ཙམ་གོ་བ་ལྟར་ཚང་པོར་གོ་བའི་རེ་བ་བྱེད་དོ། ༡༤ དེ་ནས་གཙོ་བོ་ཡེ་ཤུའི་ཉིན་མོར་ང་ཚོས་ཁྱེད་ངོམ་པ་ལྟར་ང་ཚོ་ངོམ་པར་འགྱུར་རོ༎
༡༥ དེ་ལ་རྟེན་ནས། ཁྱེད་ལ་དགའ་སྤྲོ་ཉིས་ལྡབ་འབྱུང་བའི་ཕྱིར་སྔོན་དུ་ང་ཁྱེད་ཚོའི་རྩར་འོངས་ནས། ༡༦ ཁྱེད་ཚོའི་དྲུང་ནས་མ་ཀེ་དོན་ཡུལ་དུ་སོང་སྟེ། མ་ཀེ་དོན་ནས་སླར་ཁྱེད་ཚོའི་རྩར་འོངས་ནས། ཁྱེད་ཚོས་ཡ་ཧུ་དཱ་ཡུལ་ལ་ལམ་དུ་གཞུག་གོ་བསམ། ༡༧ དེ་ལྟར་བྱས་པས་ང་གཏད་མེད་ཡིན་ནམ། དུས་གཅིག་ཏུ་ཡིན་མིན་ཟེར་བའི་འཇིག་རྟེན་གྱི་ལུགས་སུ་གྲལ་བྱུས་བྱེད་དམ། ༡༨ དཀོན་མཆོག་སླུ་མེད་ལགས་པ་ལྟར། ང་ཚོར་ཡིན་མིན་གྱི་གཏམ་སྣ་གཉིས་མེད་དོ། ༡༩ ང་དང་སི་ལཱ་དང་ཏི་མོ་ཐེའུ་གསུམ་གྱིས་ཁྱེད་ལ་བསྒྲགས་པའི་དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀ་རྫུན་མིན་ཅིང་རྟག་ཏུ་བདེན་པའོ། ༢༠ དཀོན་མཆོག་གི་ཞལ་ཆད་ཐམས་ཅད་བདེན་པ་ལགས་པ་ཁོང་ནས་མངོན་པས། དཀོན་མཆོག་གི་དཔལ་གྱི་ཕྱིར་ང་ཚོས་ཁོང་རྒྱུད་ནས་ཨ་མེན་༼བོད་སྐད་དུ། བདེན་པར་གྲུབ་ཅིག་༽ཅེས་བརྗོད་དོ། ༢༡ ཁྱེད་དང་མཉམ་དུ་ང་ཚོ་མཱ་ཤི་ཀའི་ནང་བརྟན་པོ་མཛད་མཁན་དང་། ང་ཚོ་བསྐོ་མཁན་དང་། ༢༢ ཕྱག་རྒྱ་འདེབས་མཁན་དང་། སྙིང་ནང་ཐུགས་ཉིད་ཀྱི་གཏའ་མ་གནང་མཁན་དཀོན་མཆོག་ལགས་སོ༎
༢༣ ང་ཀོ་རིན་ཐུ་རུ་ད་ཐུག་མ་འོངས་པ་དེ་ཁྱེད་ཚོ་ལ་སྙིང་རྗེ་ནས་ཡིན་པར་ངས་དཀོན་མཆོག་དཔང་དུ་འཛུག་གོ། ༢༤ ཁྱེད་ཚོ་དད་པ་ལ་བརྟན་པས། ཁྱེད་ཚོའི་སྐྱིད་རོགས་བྱེད་པའི་ཕྱིར་མ་གཏོགས་ཁྱེད་ཚོའི་དད་པ་ལ་དབང་སྒྱུར་བའི་བསམ་པ་མེད༎