ཀོ་རིན་ཐུ་པར་བསྐུར་པའི་འཕྲིན་ཡིག་དང་པོ།
༡
དཀོན་མཆོག་གི་ཐུགས་དགོངས་ཀྱིས་ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་ལ་འདམས་པའི་པའུ་ལུ་དང་སྤུན་སོས་ཐེ་ནེ་ཡིས། ༢ ཀོ་རིན་ཐུ་རུ་ཡོད་པའི་དཀོན་མཆོག་གི་ཆོས་ཚོགས། མཱ་ཤི་ཀ་ཡེ་ཤུའི་ནང་དུ་དག་པ་དང་དམ་པར་འགྱུར་ཕྱིར་བོས་པ་རྣམས་དང་། ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་བརྗོད་པ་གང་དུ་གནས་པ་ཐམས་ཅད་ཀྱི་དྲུང་དུ། ༣ ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱེད་ལ་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག༤ མཱ་ཤི་ཀ་ཡེ་ཤུའི་ནང་ཁྱེད་ལ་དཀོན་མཆོག་གི་ཐུགས་རྗེ་ཐོབ་ནས། ༥ འཆད་པ་དང་རྟོགས་པའི་ནང་ཁྱེད་ཕྱུག་པོར་གྱུར་བས། ངས་དཀོན་མཆོག་ལ་རྒྱུན་དུ་གཏང་རག་འབུལ་ལོ། ༦ ཁྱེད་ནང་མཱ་ཤི་ཀའི་བསྟན་པ་བརྟན་པོར་ཚུགས་པས། ༧ ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་མངོན་སུམ་སྟོན་པར་སྒུག་པ་ཁྱེད་ལ། གནང་སྦྱིན་གང་གིའང་དགོས་པ་མེད་དོ། ༨ ཁོང་གིས་ཁྱེད་ཚོ་མཐའ་མའི་བར་དུ་བརྟན་པོ་དང་། ང་ཚོའི་གཙོ་བོ་ཡེ་ཤུའི་ཉིན་མོར་དག་པར་མཛད་འོང་། ༩ ཉིད་ཀྱི་སྲས་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་དང་འགྲོགས་ཕྱིར་ཁྱེད་ཚོ་བོས་པར་མཛད་པའི་དཀོན་མཆོག་ནི་བསླུ་མེད་ལགས་སོ༎
༡༠ ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ནང་། དབྱེན་པ་མི་བྱེད་པར་གཏམ་གཅིག་དང་བློ་སྙིང་གཅིག་ཏུ་མཐུན་ཕྱིར་ངས་ཁྱེད་སྤུན་ཚོར་སྐུལ་ལོ། ༡༡ ཁྱེད་སྤུན་རྣམས་ཀྱི་ཁྲོད་དུ་རྩོད་གླེང་ཡོད་པ་ཁ་ལོ་པ་དག་གིས་ང་ལ་བཤད། ༡༢ ཁྱེད་ལས་སུས་ང་པའུ་ལུའི་ཕྱོགས་པ་ཡང་ན། ང་ཨ་པོལ་ལོ་ཡང་ན། ང་ཀེ་ཕཱ་ཡང་ན། ང་མཱ་ཤི་ཀའི་ཕྱོགས་པ་ཡིན་ཟེར་རོ། ༡༣ མཱ་ཤི་ཀ་གྱེས་པ་ཡིན་ནམ། པའུ་ལུ་ཁྱེད་ཀྱི་དོན་དུ་རྒྱང་ཤིང་ལ་བརྐྱངས་སམ། པའུ་ལུའི་མིང་ནང་ཁྲུས་ཐོབ་བམ། ༡༤-༡༥ ངའི་མིང་ནང་ཁྲུས་ཐོབ་ཅེས་ཁྱེད་སུས་ཀྱང་མི་ཟེར་བའི་ཕྱིར། ཁྱེད་ལས་ཀ་རིས་པུ་དང་ག་ཡུ་གཉིས་མ་གཏོགས་གཞན་སུ་ལའང་ཁྲུས་མ་བཏང་བས། ངས་གཏང་རག་འབུལ་ལོ། ༡༦ ངས་སྟེ་ཕ་ནཱའི་ནང་ཚང་ལའང་ཁྲུས་བཏང་བ་ཡིན། དེ་མིན་གཞན་ལ་ངས་ཁྲུས་བཏང་བ་མི་དྲན་ནོ། ༡༧ མཱ་ཤི་ཀས་ང་ཁྲུས་གསོལ་དུ་མ་མངགས་ཀྱིས། ཕྲིན་བཟང་འཆད་དུ་མངགས་སོ། དེའང་མཱ་ཤི་ཀའི་རྒྱང་ཤིང་དོན་མེད་མི་འགྱུར་ཕྱིར། ངག་དབང་གི་ཤེས་རབ་ཀྱིས་མིན།
༡༨ རྒྱང་ཤིང་གི་བསྟན་པ་ནི་འཇིག་རྟེན་པ་ཚོས་བླུན་གཏམ་དུ་རྩི་ཞིང་། ང་ཚོ་ཐར་བ་རྣམས་ཀྱིས་ནི་དཀོན་མཆོག་གི་མཐུ་སྟོབས་སུ་རྩིའོ༎
༡༩ མཁས་པའི་ཤེས་རབ་ངས་བརླག་འོང་༎
བློ་ལྡན་བློ་གྲོས་མེད་པར་བྱ༎
ཞེས་བྲིས་པ་བཞིན་ནོ། ༢༠ ད་མཁས་པ་ག་རེ། མཁན་པོ་ག་རེ། རྩོད་གླེང་པ་ག་རེ། འཇིག་རྟེན་འདིའི་ཤེས་རབ་དཀོན་མཆོག་གིས་བླུན་པར་མ་མཛད་དམ། ༢༡ དཀོན་མཆོག་གི་མཁྱེན་རབ་བཞིན། འཇིག་རྟེན་གྱིས་རིག་པ་འབའ་ཞིག་གི་སྒོ་ནས་དཀོན་མཆོག་ངོ་མ་ཤེས་པས། བསྟན་པ་བླུན་པ་འདིའི་སྒོ་ནས་དཀོན་མཆོག་ལ་དད་པ་རྣམས་ཐར་འཇུག་ཏུ་དགྱེས་སོ། ༢༢ ཡ་ཧུ་དཱ་པས་རྟགས་འདོད། ཧེལ་ལེན་པས་རིག་པ་འདོད། ༢༣ ང་ཚོས་འཆད་པའི་མཱ་ཤི་ཀ་བརྐྱངས་པ་དེ། ཡ་ཧུ་དཱ་པའི་ཕྱིར་བསྐུར་པ་དང་ཕྱི་པའི་ཕྱིར་བླུན་པ་ཡིན་ཀྱང་། ༢༤ ཡ་ཧུ་དཱ་པའམ་ཧེལ་ལེན་པ་འདམས་པ་རྣམས་ཀྱི་ཕྱིར། དཀོན་མཆོག་གི་དབང་དང་ཡེ་ཤེས་ཡིན་ནོ། ༢༥ དཀོན་མཆོག་གི་བླུན་པ་ནི་མིའི་ཤེས་རབ་ལས་མཁས། དཀོན་མཆོག་གི་ཤེད་མེད་ནི་མིའི་སྟོབས་ལས་ཤུགས་ཆེ།
༢༦ སྤུན་རྣམས། ཁྱེད་བོས་པ་ལ་ལྟོས། ཁྱེད་ཁྲོད་འཇིག་རྟེན་གྱི་ལུགས་ལ་མཁས་པ་མང་པོ་མེད། དབང་ལྡན་མང་པོ་མེད། སྐུ་དྲག་མང་པོ་མེད་དོ། ༢༧-༢༩ ལུས་ཅན་གང་གིས་ཀྱང་དཀོན་མཆོག་གི་དྲུང་དུ་མི་རློམ་ཕྱིར། དཀོན་མཆོག་གིས་མཁས་པ་སྐྱེང་དུ་འཇིག་རྟེན་གྱི་བླུན་པོ་འདམས། སྟོབས་ཅན་ངོ་ཚ་བའི་ཕྱིར་འཇིག་རྟེན་གྱི་རྒུད་པོ་འདམས། འཇིག་རྟེན་གྱི་དམན་པ་དང་རྩིས་མེད་འདམས། ཡོད་མཁན་སྟོངས་ཕྱིར་མེད་མཁན་འདམས་པར་མཛད་དོ། ༣༠-༣༡ ཁོང་གི་སྒོ་ནས་ཁྱེད་མཱ་ཤི་ཀ་ཡེ་ཤུའི་ནང་ཡོད་དོ། སུས་རློམ་ན་གཙོ་བོ་རློམ་ཞིག་ཅེས་བྲིས་པ་འགྲུབ་ཕྱིར། ང་ཚོའི་དོན་དུ་ཡེ་ཤུ་ནི། དཀོན་མཆོག་གི་དྲང་བ་ཉིད་དང་། དམ་པ་དང་། ཐར་ལམ་ཡིན་པའི་ཡེ་ཤེས་སུ་གྱུར་ཏོ༎