༢
སྤུན་རྣམས། ང་ཁྱེད་ཀྱི་རྩར་འོང་དུས་སུ་དཀོན་མཆོག་གི་གསང་བ་འཆད་པར། ངག་དབང་དང་ཤེས་རབ་བཅས་མ་འོངས། ༢ ཡེ་ཤུ་མཱ་ཤི་ཀ་དང་། ཁོང་རྒྱང་ཤིང་ལ་བརྐྱངས་པ་མ་གཏོགས་གཞན་ཅིའང་ཁྱེད་ཀྱི་ཁྲོད་དུ་མི་འཆད་པར་ངས་ཐག་བཅད་པ་ཡིན། ༣ ང་ཁྱེད་ཚོའི་རྩར་ཤིན་ཏུ་ཉམས་ཆུང་བས་འཇིགས་ཤིང་འདར་བས་གནས་ཏེ། ༤-༥ ཁྱེད་ཀྱི་དད་པ་མིའི་ཤེས་རབ་ལ་མི་རྟེན་པར། དཀོན་མཆོག་གི་མཐུ་སྟོབས་ལ་རྟེན་ཕྱིར། ངས་ཚད་མའི་ཤེས་རབ་མཉམ་མ་བཤད་པར། ཐུགས་ཉིད་ཀྱི་མཐུ་སྟོབས་མཉམ་གླེང་སྟེ་ཆོས་བཤད་དོ༎༦ ཤེས་རབ་ཕུལ་དུ་ཕྱིན་པ་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་གྱི་དབང་པོ་མི་རྟག་པ་རྣམས་ཀྱི་ཤེས་རབ་མི་སྟོན་གྱི། ༧ ཐོག་མ་ལས་སྔོན་དུ་ང་ཚོའི་དཔལ་ཕྱིར་དཀོན་མཆོག་གིས་གསང་བས་དམིགས་པའི་ཡེ་ཤེས་དེ་ང་ཚོས་སྟོན་ནོ། ༨ ཡེ་ཤེས་འདི་འཇིག་རྟེན་གྱི་དབང་པོ་སུས་ཀྱང་མ་ཤེས། ཤེས་པ་ཡིན་ན་གཟི་བརྗིད་ཀྱི་གཙོ་བོ་རྒྱང་ཤིང་ལ་མ་བརྐྱངས་པ་ཡིན། ༩ འོན་ཀྱང་མདོ་བཞིན།
མིག་གིས་མ་མཐོང་རྣ་བས་མ་ཚོར་ཞིང་༎
འཇིག་རྟེན་པ་ཡི་སྙིང་ནང་མ་ཤེས་པ༎
དཀོན་མཆོག་ལ་གཅེས་རྣམས་ཕྱིར་བཤམས་པ་སྟེ༎
༡༠ དེ་ནི་ཐུགས་ཉིད་ཀྱི་སྒོ་ནས་དཀོན་མཆོག་གིས་ང་ཚོར་མངོན་པར་མཛད་དོ། ཐུགས་ཉིད་ཀྱིས་དངོས་པོ་ཐམས་ཅད་དང་། དཀོན་མཆོག་གི་གཏིང་ཡང་དཔོག་གོ། ༡༡ མི་དེའི་སེམས་ཀྱིས་མ་གཏོགས་པར། མི་དེའི་བསམ་པ་སུས་ཤེས། དེ་ལྟར་དཀོན་མཆོག་གི་ཐུགས་ཉིད་ཀྱིས་མ་གཏོགས་པར། དཀོན་མཆོག་གི་ཐུགས་དགོངས་སུས་ཀྱང་མི་ཤེས་སོ། ༡༢ དཀོན་མཆོག་གིས་ང་ཚོར་གནང་བ་རྣམས་རྟོགས་ཕྱིར། ང་ཚོར་འཇིག་རྟེན་གྱི་སེམས་མ་ཐོབ་ཀྱི། དཀོན་མཆོག་གི་ཐུགས་ཉིད་ཐོབ་བོ། ༡༣ ང་ཚོས་ཐུགས་ཉིད་དང་ལྡན་པ་རྣམས་ལ་ཐུགས་ཉིད་ཀྱི་བདེན་ཆོས་སྟོན་ཞིང་། དེ་ནི་མིའི་ཤེས་རབ་ཀྱི་སྒོ་ནས་མ་ཡིན་པར་ཐུགས་ཉིད་ཀྱི་སྒོ་ནས་རྟོགས་པའི་ཚིག་གིས་འཆད་དོ། ༡༤ འཇིག་རྟེན་པའི་མདུན་དུ་ཐུགས་ཉིད་ཀྱི་བསྟན་པ་ནི་བླུན་པ་ཡིན་ཏེ། དེས་མི་བླང་ངོ་། ཐུགས་ཉིད་ཀྱི་ལུགས་སུ་རྟོགས་དགོས་པས་དེས་གོ་བར་མི་ནུས་སོ། ༡༥ ཐུགས་ཉིད་དང་ལྡན་པའི་མིའི་ཚོད་སུས་ཀྱང་མི་འཛིན་ཡང་། དེས་ཐམས་ཅད་ཀྱི་ཚོད་འཛིན་ནོ། ༡༦ གཙོ་བོའི་ཐུགས་དགོངས་སུ་ཡིས་ཤེས། གཙོ་བོར་བསླབ་བྱ་སུ་ཡིས་གཏོང་། ང་ཚོར་མཱ་ཤི་ཀའི་ཐུགས་ཡོད་དོ༎