རོ་མཱ་པར་བསྐུར་པའི་འཕྲིན་ཡིག
༡
ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་པའུ་ལུ་ང་། སྐུ་ཚབ་ཀྱི་ལས་ཚན་དུ་བོས་པར་མཛད་ཅིང་། ༢ དཀོན་མཆོག་གིས་ཉིད་ཀྱི་ལུང་སྟོན་པ་རྒྱུད་ནས་དམ་པའི་མདོའི་ནང་ཞལ་གྱིས་བཞེས་པའི་ཉིད་ཀྱི་སྲས་ཀྱི་ཕྲིན་བཟང་ཕྱིར་བསྐོས་པ་ངའི་ཕྱོགས་ནས། ཁྱེད་རོ་མཱ་རུ་ཡོད་པའི་དཀོན་མཆོག་གིས་གཅེས་པར་མཛད་པ་དང་དམ་པར་འགྱུར་ཆེད་བོས་པ་ཐམས་ཅད་ལ་ཡི་གེ་འདི་འབུལ་ལོ། ༣ སྲས་དེ་ཟག་ལུས་ཀྱི་ལུགས་ལ་དཱ་བིད་ཀྱི་གདུང་བརྒྱུད་ནས་འཁྲུངས་ཀྱང་། ༤ དམ་པའི་ཐུགས་ཉིད་ཀྱི་ལུགས་ལ་གཤིན་པོའི་ཁྲོད་ལས་སྐུ་གསོན་པོར་བཞེངས་པས། དཀོན་མཆོག་གི་སྲས་མཐུ་དང་ལྡན་པ་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལགས་སོ། ༥ མི་བརྒྱུད་ཐམས་ཅད་ཁོང་གི་མཚན་གྱི་སྒོ་ནས་དད་པའི་འབངས་བྱེད་ཕྱིར། ཐུགས་རྗེས་ང་ཚོ་སྐུ་ཚབ་ཏུ་གྱུར་ཏོ། ༦ དེའི་ཁོངས་སུ་ཁྱེད་ཀྱང་ཡེ་ཤུ་མཱ་ཤི་ཀའི་ཡིན་པའི་དོན་དུ་བོས་པས། ༧ ང་ཚོའི་ཡབ་དཀོན་མཆོག་དང་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག༨ ཁྱེད་ཀྱི་དད་པ་འཇིག་རྟེན་ཡོངས་ལ་གྲགས་པས། ཐོག་མར་ཁྱེད་ཐམས་ཅད་ཀྱི་ཕྱིར་དུ་ཡེ་ཤུ་མཱ་ཤི་ཀའི་ནང་ན་དཀོན་མཆོག་ལ་གཏང་རག་འབུལ་ལོ། ༩-༡༠ ཅིས་ཀྱང་དཀོན་མཆོག་གི་དགོངས་པ་ཡིན་ན་ཁྱེད་ཚོ་དང་མཇལ་ཐབས་འབྱུང་དོན་དུ། ངས་ཁྱེད་ཡིད་ལ་ཆད་མེད་དྲན་ཞིང་། རྟག་ཏུ་གསོལ་འདེབས་ཀྱི་དཔང་པོ་ནི། ཉིད་སྲས་ཀྱི་ཕྲིན་བཟང་འཆད་པའི་བསྙེན་བཀུར་ཞུ་བའི་དཀོན་མཆོག་གོ། ༡༡-༡༢ ཁྱེད་ཚོ་བརྟན་པོར་འགྱུར་ཕྱིར་ཐུགས་ཉིད་ཀྱི་སྐྱེས་ཤིག་སྦྱིན་པ་མ་ཟད། ང་ཁྱེད་ཚོ་དང་འགྲོགས་ཤིང་ང་ཚོ་ཕན་ཚུན་ནང་ཡོད་པའི་དད་པས། ང་ལ་དབུགས་དབྱུང་ཕྱིར། ཁྱེད་ཚོ་དང་འཕྲད་པར་འདོད་དོ། ༡༣ སྤུན་ཚོ། མི་བརྒྱུད་གཞན་གྱི་ཁྲོད་ནས་འབྲས་བུ་བརྙེད་པ་ལྟར། ཁྱེད་ལས་ཀྱང་རྙེད་པའི་ཕྱིར་ངས་ལན་མང་ཁྱེད་དང་མཇལ་བར་བསམས་ཀྱང་། ད་ཐུག་འགགས་པ་ཁྱེད་ཀྱིས་ཤེས་དགོས། ༡༤ ངས་ནི་ཡུལ་དབུས་མཐའ་གཉིས་དང་མི་མཁས་བླུན་གཉིས་པོའི་གཡོག་བྱེད་དགོས་པས། ༡༥ ཁྱེད་རོ་མཱ་པ་ལའང་ཇི་ལྟར་ནུས་བཞིན་ཕྲིན་བཟང་སྒྲོག་པར་འདུན་ནོ། ༡༦ ང་ནི་ཕྲིན་བཟང་སྒྲོགས་པར་ངོ་མི་ཚ་ཞིང་དང་པོར་ཡ་ཧུ་དཱ་པ་དེ་ནས་ཧེལ་ལེན་པ་*སྟེ་དད་པ་བྱེད་ཚད་ཐར་བར་མཛད་པའི་དཀོན་མཆོག་གི་མཐུ་སྟོབས་དེ་ཡིན་ནོ༎
༡༧ དྲང་པོ་དད་པས་འཚོ་བར་འགྱུར་ཞེས་བྲིས་པ་ལྟར། དད་པའི་རྐྱེན་གྱིས་དད་ལྡན་ཚོ་ལ། དཀོན་མཆོག་གི་ཐུགས་རྗེའི་ཞལ་ཆེ་ཕྲིན་བཟང་དེས་སྟོན་ནོ༎
༡༨ དེས་ན་དཀོན་མཆོག་གི་ཐུགས་ཁྲོ་ནི་ལོག་པའི་སྒོ་ནས་བདེན་པ་འགེགས་པ་ཚོའི་ལོག་པ་དང་དཀོན་མཆོག་ལ་མི་རྩི་བ་ལ་ནམ་མཁའ་ནས་སྟོན་ནོ། ༡༩ དཀོན་མཆོག་གི་སྐོར་ཇི་ཤེས་རུང་བ་ནི་དཀོན་མཆོག་གིས་སྟོན་པར་མཛད་པས་མི་ལ་གསལ་ལོ། ༢༠ འཇིག་རྟེན་བཀོད་པ་ནས་ཚུན་ཁོང་གི་མཐུ་སྟོབས་ཐོག་མེད་དང་ངོ་བོ་མི་སྣང་བ་དེ་དཀོན་མཆོག་གི་མཛད་པ་རྣམས་ལས་གསལ་ཞིང་། ༢༡ དཀོན་མཆོག་རྟོགས་ཀྱང་། དཀོན་མཆོག་ལ་འབུལ་འོས་པའི་བསྟོད་པ་དང་གཏང་རག་མ་ཕུལ་བར། དེ་ཚོའི་བསམ་པ་ཀུན་རྫོབ་ཏུ་འགྱུར་ཞིང་། གོ་བ་མེད་པའི་བློ་མུན་པ་རུ་གྱུར་པས། དེ་དག་སྐྱོན་ཅན་ཡིན་ནོ། ༢༢ རང་མཁས་པར་རློམ་པ་ཚོ་བླུན་པོར་གྱུར་ཏེ། ༢༣ རྟག་པའི་དཀོན་མཆོག་གི་དཔལ་བརྗིད་དེ་སྤངས་ནས། དེའི་ཚབ་ཏུ་མི་རྟག་པའི་མི་དང་། འདབ་ཆགས་དང་། རྐང་བཞི་པ་དང་། ལྟོ་འགྲོའི་འདྲ་སྐུ་བླངས་སོ། ༢༤ དེའི་ཕྱིར་དཀོན་མཆོག་གིས་དེ་ཚོའི་སྙིང་གི་འདོད་ཆགས་ལྟར་མི་གཙང་བའི་ནང་དོར་ཏེ། དེ་ཚོས་རང་གི་ལུས་ཚུལ་མིན་བྱས་སོ། ༢༥ རྒྱུན་དུ་བསྟོད་འོས་པའི་འགོད་པ་པོ་ལས་བཀོད་པ་ལ་ལྷག་པར་བསྙེན་བཀུར་བྱས་ཏེ། དཀོན་མཆོག་གི་བདེན་པ་སྤངས་ནས་རྫུན་ལ་བརྟེན་ཏོ། ༢༦ དེའི་ཕྱིར་དཀོན་མཆོག་གིས་དེ་ཚོ་ངོ་ཚ་བའི་འདོད་ཆགས་ནང་དོར་ཏོ། དེ་ཚོའི་བུད་མེད་ཚོས་རང་གཤིས་ཀྱི་སྤྱོད་པ་སྤངས་ཏེ་གཤིས་མིན་གྱི་སྤྱོད་པ་སྤྱད་དོ། ༢༧ སྐྱེས་པ་ཚོས་ཀྱང་རང་གཤིས་བཞིན་དུ་བུད་མེད་ལ་སྤྱད་པ་སྤངས་ནས། ཕན་ཚུན་འདོད་ཆགས་ཀྱི་མེ་འབར་ཏེ། སྐྱེས་པས་སྐྱེས་པར་ངོ་ཚ་མེད་པར་སྤྱད་པ་སྤྱོད་ཅིང་། རང་གི་འགལ་སྐྱོན་ལ་འོས་པའི་ལ་གཡོགས་རང་གི་ལུས་ནང་མྱང་ངོ་། ༢༨ ཇི་ལྟར་དེ་ཚོས་དཀོན་མཆོག་ལ་རྟེན་པར་མ་འདོད་པ་ལྟར་དཀོན་མཆོག་གིས་ཀྱང་དེ་ཚོ་མི་རུང་བར་སྤྱོད་དུ་ལོག་པའི་བློ་གྲོས་ནང་དོར་བས། ༢༩ ངན་སེམས་དང་། བསྣབས་སེམས་དང་། གནོད་སེམས་དང་། མི་རིགས་པ་ཐམས་ཅད་ཀྱིས་གང་སྟེ། ཕྲག་དོག་དང་། མི་གསོད་པ་དང་། འཐབ་འཛིང་དང་། མགོ་བསྐོར་དང་། གཡོ་སྒྱུ་དང་། ངག་ཀྱལ་དང་། ༣༠ ཕྲ་མ་དང་། དཀོན་མཆོག་ལ་སྡང་བ་དང་། ཕོ་སོ་དང་། ང་རྒྱལ་དང་། རང་མཐོང་དང་། ངན་ཤོམས་དང་། ཕ་མར་མི་རྩི་བ་དང་། ༣༡ གླེན་པ་དང་། ཁ་ཆད་མི་སྲུང་བ་དང་། བརྩེ་སེམས་མེད་པ་དང་། སྙིང་རྗེ་མེད་པར་གྱུར་ཏོ། ༣༢ དེ་ལྟར་སྤྱོད་པ་ཐམས་ཅད་ཤི་འོས་སོ་ཞེས་པའི་དཀོན་མཆོག་གི་བཀའ་དེ་ཚོས་ཤེས་ཀྱང་། དེ་བཞིན་དུ་རང་སྤྱོད་པ་མ་ཟད་སྤྱོད་མཁན་གཞན་ལའང་དགའོ༎