སྐུ་ཚབ་རྣམས་ཀྱི་མཛད་པ།
༡-༢ ཀྱེ་ཐེའོ་ཕི་ལུ། མདོ་དང་པོའི་ནང་ངས་ཡེ་ཤུས་ཉིད་ཀྱིས་འདམས་པའི་སྐུ་ཚབ་རྣམས་ལ་དམ་པའི་ཐུགས་ཉིད་ཀྱི་ངང་ནས་བཀའ་གནང་སྟེ། ཡར་འཕགས་པའི་ཉིན་མོའི་བར་དུ་ཅི་མཛད་པ་དང་བསྟན་པ་རྣམས་བཀོད་པ་ཡིན།  སྡུག་བསྔལ་བཞེས་པའི་འོག་ཏུ་ཉིད་སྐུ་གསོན་པོ་ཡིན་པའི་མངོན་རྟགས་མང་པོ་བསྟན་ཅིང་། ཞག་བཞི་བཅུའི་བར་དུ་དེ་ཚོར་ཉིད་ཀྱི་སྐུ་བསྟན་ཏེ། དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་གསུང་གླེང་མཛད་དོ། ༤-༥ དེ་ཚོ་དང་མཉམ་དུ་བཞུགས་པའི་ཚེ་དེ་དག་ལ། ཡོ་ཧ་ནན་གྱིས་ཆུའི་ཁྲུས་བཏང་ཡང་། རིང་པོར་མ་ལོན་པར་ཁྱེད་ལ་དམ་པའི་ཐུགས་ཉིད་ཀྱི་ཁྲུས་གསོལ་བར་འགྱུར་ཞེས་ངས་བརྗོད་པའི་ཡབ་ཀྱི་ཞལ་བཞེས་བསྒྲུབ་པའི་བར་དུ། ཡེ་རུ་ཤ་ལེམ་ནས་མི་འགྲོ་བར་སྒུག་ཅིག་ཅེས་བཀའ་གནང་ངོ་༎
 དེ་ཚོ་ཚོགས་པ་དང་ཁོང་ལ། གཙོ་བོ། ཁྱེད་ཀྱིས་དེའི་ཚེ་ཨིས་ར་ཨེལ་ལ་རྒྱལ་སྲིད་སླར་གསོ་བར་མཛད་དམ་ཞེས་ཞུས་པ་དང་།  ཁོང་གིས། ཡབ་ཀྱིས་ཉིད་ཀྱི་མངའ་དབང་གིས་བཙུགས་པའི་དུས་སྐབས་ཁྱེད་ཚོས་ཤེས་པར་མི་རུང་ངོ་།  འོན་ཀྱང་ཁྱེད་ལ་དམ་པའི་ཐུགས་ཉིད་འབབ་པའི་ཚེ་དབང་བརྙེས་ནས། ཡེ་རུ་ཤ་ལེམ་དང་། ཡ་ཧུ་དཱ་ཡོངས་དང་། ས་མར་ཡཱ་དང་། ས་གཞིའི་མཐའ་མའི་བར་དུ་ངའི་དཔང་པོར་འགྱུར་བར་འགྱུར་གསུངས་མ་ཐག་ཏུ།  དེ་ཚོས་མཐོང་སར་ཡར་འཕགས་ཏེ་སྤྲིན་ཞིག་གིས་དེ་ཚོའི་མིག་གི་མདུན་ནས་ཡར་གདན་དྲངས་སོ། ༡༠ དེ་ཚོས་ཁོང་ཡར་གཤེགས་པར་ནམ་མཁར་བལྟས་བལྟས་པ་ལས། གོས་དཀར་པོ་གོན་པའི་མི་གཉིས་བྱུང་སྟེ་འདི་སྐད་དུ། ༡༡ ཀྱེ་ག་ལིལ་པ་རྣམས། ཅིའི་ཕྱིར་ནམ་མཁར་བལྟ། ཁྱེད་ཀྱི་མདུན་ནས་ནམ་མཁར་འཕགས་པའི་ཡེ་ཤུ་དེ་ཉིད། ནམ་མཁར་གཤེགས་པ་མཐོང་བ་དང་འདྲ་བར་ཕྱིར་འབྱོན་པར་འགྱུར་རོ་ཞེས་སྨྲས་སོ༎
༡༢ དེ་ནས་དེ་རྣམས་ཤབ་བཱད་ཀྱི་ཉིན་ལམ་གཅིག་གི་སར་ཡོད་པ་ཡེ་རུ་ཤ་ལེམ་དང་ཉེ་བའི་ཁ་སྐྱུར་པོའི་རི་ལས་བབས་ནས་ཡེ་རུ་ཤ་ལེམ་དུ་ལོག་གོ། ༡༣ དེར་བསླེབས་ནས། པེ་ཏྲོ་དང་། ཡོ་ཧ་ནན་དང་། ཡ་ཀོབ་དང་། ཨན་དྲེ་ཨ་དང་། ཕི་ལིབ་དང་། ཐོ་མཱ་དང་། བར་ཐོལ་མཱ་དང་། མད་ཐཱ་དང་། ཨལ་ཕཱའི་བུ་ཡ་ཀོབ་དང་། བརྩོན་འགྲུས་པ་བྱ་བའི་ཤི་མོན་དང་། ཡ་ཀོབ་ཀྱི་བུ་ཡུ་དཱ་བཅས་དེ་དག་སྡོད་པའི་སྟེང་ཁང་དུ་སོང་ངོ་། ༡༤ དེ་ཐམས་ཅད་དང་། བུད་མེད་ཁ་ཤས་དང་། ཡེ་ཤུའི་ཡུམ་མིར་ཡམ་དང་། ཁོང་གི་སྐུ་མཆེད་རྣམས་སེམས་གཅིག་གིས་སྨོན་ལམ་ལ་འབུངས་སོ༎
༡༥ དེ་ཙ་ན་སྤུན་བརྒྱ་དང་ཉི་ཤུ་ཙམ་གནས་གཅིག་ཏུ་ཚོགས་པའི་དཀྱིལ་ནས་པེ་ཏྲོས་བཞེངས་ཏེ་འདི་སྐད་དུ། ༡༦ སྤུན་རྣམས། མདོ་ན་དམ་པའི་ཐུགས་ཉིད་ཀྱིས་དཱ་བིད་ཀྱི་ཞལ་གྱི་སྒོ་ནས་ཡུ་དཱའི་སྐོར་ལུང་བསྟན་པ་རྣམས་གྲུབ་པར་དགོས་ཏེ། ༡༧ ཁོ་ང་ཚོའི་ཁོངས་སུ་བརྩིས་ཏེ། ཞབས་ཏོག་གི་སྐལ་བ་ཐོབ་ཀྱང་། ཡེ་ཤུ་འཛིན་པ་རྣམས་ཀྱི་ལམ་སྣ་པར་གྱུར་ཏོ། ༡༨ ཁོའི་ལས་ངན་འདིའི་གླ་ལས་ཞིང་ཞིག་ཉོས་སོ། དེ་ནས་ཁོ་སྤྱི་བོས་ལྟུངས་ནས་ལྟོ་བ་གས་ཏེ། ནང་ཆ་ཐམས་ཅད་ཕྱིར་ཐོན་ནོ། ༡༩ དེ་ཡེ་རུ་ཤ་ལེམ་པ་ཐམས་ཅད་ཀྱིས་ཤེས་ཏེ། ཞིང་དེའི་མིང་ལ་དེ་ཚོའི་སྐད་ནང་ཨ་ཀེལ་ད་མཱ་བོད་སྐད་དུ་ཁྲག་གི་ཞིང་ཁ་ཞེས་བཏགས་སོ༎
༢༠ གསུང་མགུར་ན་འདི་སྐད་དུ།
དེ་ཡི་ཁྱིམ་ཡང་སྟོངས་པར་ཤོག།
དེའི་ནང་སུ་ཡང་མི་གནས་ཤོག།
ལས་ཚན་གཞན་གྱིས་ལེན་པར་ཤོག།
ཅེས་བྲིས་འདུག་གོ། ༢༡-༢༢ དེ་བས་ན་གཙོ་བོ་ཡེ་ཤུས་ཡོ་ཧ་ནན་གྱིས་ཁྲུས་བཞེས་པ་ནས་བཟུང་སྟེ་ང་ཚོའི་མདུན་ནས་ཡར་འཕགས་པའི་ཉིན་མོའི་བར་དུ་ང་ཚོའི་ནང་དུ་ཕན་ཚུན་གཤེགས་བཞུད་ཀྱི་དུས་ཐམས་ཅད་ལ། ང་ཚོ་མཉམ་ཡོད་པ་གཅིག་ཁོང་གསོན་པོར་བཞེངས་པའི་དཔང་པོར་འགྱུར་དགོས་སོ་ཞེས་གསུངས་པ་དང་། ༢༣ དེ་ཚོས་བར་ས་བཱའམ་ཡུས་ཏུ་༼བོད་སྐད་དུ་དྲང་པོ་༽བྱ་བའི་ཡོ་སེབ་དང་མད་ཐི་ཡཱ་གཉིས་ལང་དུ་བཅུག་ནས། འདི་ལྟར། ༢༤-༢༥ ཀྱེ་གཙོ་བོ། མི་ཐམས་ཅད་ཀྱི་སྙིང་མཁྱེན་མཁན་ལགས། ཡུ་དཱ་ལམ་བསྟོར་ནས་རང་གི་གནས་སུ་སོང་བ་དེའི་ཚབ་ལ། སྐུ་ཚབ་དང་ཞབས་ཏོག་བྱེད་པའི་ཕྱིར་འདི་གཉིས་ཀྱི་ནང་ནས་ཁྱེད་ཀྱིས་སུ་འདམས་པ་ང་ཚོར་སྟོན་པར་མཛོད་ཅིག་ཅེས་སྨོན་ལམ་བཏབ་བོ། ༢༦ རྒྱན་བརྒྱབས་ནས་མད་ཐི་ཡཱ་ཡི་མིང་ཐོན་པས། ཁོང་སྐུ་ཚབ་བཅུ་གཅིག་དང་མཉམ་དུ་བརྩིས་སོ༎