༢
ཉི་མ་ལྔ་བཅུ་པའི་དུས་བཟང་བསླེབས་པའི་ཚེ། དེ་ཐམས་ཅད་གནས་གཅིག་ཏུ་བསྡད་ཡོད་པ་དང་། ༢ གློ་བུར་དུ་ནམ་མཁའ་ལས་རླུང་ཆེན་པོ་ཞིག་ལངས་པ་ལྟ་བུའི་སྒྲ་བྱུང་སྟེ། དེ་རྣམས་སྡོད་པའི་ཁང་པ་ཡང་གང་བར་གྱུར་ཏེ། ༣ མེ་ལྕེ་ལྟ་བུ་སོ་སོར་གྱེས་ནས་མི་རེ་རེའི་སྟེང་དུ་གནས་པ་མཐོང་ངོ་། ༤ དེ་ཐམས་ཅད་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་སྟེ། ཐུགས་ཉིད་ཀྱིས་ནུས་པ་གནང་བ་བཞིན་དུ་རང་རང་སྐད་ལུགས་སོ་སོའི་ནང་གཏམ་བྱེད་པ་ལ་ཞུགས་སོ༎༥ དེའི་ཚེ་ནམ་མཁའི་འོག་ན་ཡོད་པའི་མི་བརྒྱུད་ཐམས་ཅད་ཀྱི་ནང་ནས་ཆོས་ལ་དགའ་བའི་ཡ་ཧུ་དཱ་པ་རྣམས་ཡེ་རུ་ཤ་ལེམ་ན་གནས་སོ། ༦ སྒྲ་དེ་ཐོས་ནས་མི་ཚོགས་འདུས་ཤིང་། རེ་རེས་རང་རང་གི་སྐད་ནང་གཏམ་བྱེད་པར་ཐོས་པས། ངོ་མཚར་རྨད་དུ་གྱུར་ནས། ༧ ཧ་ལས་ཤིང་ཡ་མཚན་དུ་གྱུར་ཏེ་འདི་སྐད་དུ། གཏམ་བྱེད་མཁན་འདི་ཐམས་ཅད་ག་ལིལ་པ་མ་ཡིན་ནམ། ༨ ང་ཚོའི་ཕ་སྐད་ནང་དེ་ཚོས་གླེང་བར་ཐོས་པ་ཅི་ཡིན། ༩ ང་ཚོ་ནི་ཕར་ཐི་ཡཱ་དང་། མ་དཱ་ཨི་དང་། ཨེ་ལམ་དང་། མེ་སོ་པོ་ཏ་མི་ཨ་དང་། ཡ་ཧུ་དཱ་དང་། ཀ་པ་དོག་ཡཱ་དང་། པོན་ཏུ་དང་། ཨ་སི་ཨ་དང་། ༡༠ ཕ་རིག་ཡཱ་དང་། ཕམ་ཕིལ་ཡཱ་དང་། མི་སེར་དང་། ཀི་རེ་ནེ་དང་ཉེ་བའི་ལིབ་ཡཱ་ཡུལ་འཁོར་ལ་གནས་པའི་མི་དང་། རོ་མཱ་ནས་འོངས་པའི་བྱེས་པ་དང་། ཡ་ཧུ་དཱ་པ་དང་། ཡ་ཧུ་དཱ་པ་སློབ་གསར་དང་། ༡༡ ཀ་རེ་ཏཱ་དང་། ཨ་རཱབ་ཡུལ་པ་ཡིན་ཏེ། དེ་དག་གིས་ང་ཚོའི་སྐད་ལ་དཀོན་མཆོག་གི་ངོ་མཚར་ཆེ་བའི་མཛད་པ་སྒྲོག་པར་ཐོས་སོ་ཞེས་སྨྲས་སོ། ༡༢ ཐམས་ཅད་ཧ་ལས་ཤིང་ཅི་ཟེར་མི་ཤེས་པར་ཕན་ཚུན། འདིའི་དོན་ཅི་ཡིན། སྨྲས་སོ། ༡༣ གཞན་འགའ་རེས་གད་མོ་བགད་ཅིང་དེ་ཚོ་རྒུན་ཆང་གསར་པས་བཟི་བ་ཡིན། ཞེས་ཟེར་ཏོ༎
༡༤ པེ་ཏྲོ་བཅུ་གཅིག་པོ་དང་བཅས་པ་བཞེངས་ནས་སྐད་ཆེན་པོས་དེ་ཚོ་ལ། ཁྱེད་ཡ་ཧུ་དཱ་པ་དང་ཡེ་རུ་ཤ་ལེམ་ན་གནས་པ་ཐམས་ཅད། ང་ལ་ཉོན་ལ་འདི་ཤེས་པར་གྱིས་ཤིག ༡༥ ད་ལྟ་སྔ་དྲོ་ཆུ་ཚོད་དགུ་པ་ཡིན་པས། ཁྱེད་ཀྱི་བསམ་པ་ལྟར་འདི་རྣམས་ཆང་གིས་བཟི་བ་མ་ཡིན་གྱི། ༡༦ ལུང་སྟོན་པ་ཡོ་ཨེལ་གྱིས།
༡༧ དཀོན་མཆོག་བཀའ་བཞིན་ཕྱི་དུས་འདི་འདྲ་འབྱུང་༎
ལུས་ཅན་ཀུན་ལ་ང་ཡི་ཐུགས་ཉིད་བླུག།
ཁྱེད་ཀྱི་བུ་དང་བུ་མོས་ལུང་བསྟན་འགྱུར༎
ཁྱེད་ཚོའི་གཞོན་ནུས་ཞལ་གཟིགས་མཐོང་བར་འགྱུར༎
ཁྱེད་ཀྱི་རྒན་པོས་རྨི་ལམ་རྨི་བར་འགྱུར༎
༡༨ དེ་དུས་ང་ཡི་གཡོག་དང་གཡོག་མོ་ལ༎
ང་ཡི་ཐུགས་ཉིད་བླུགས་པས་ལུང་བསྟན་འགྱུར༎
༡༩ ང་ཡིས་སྟེང་གི་གནམ་ནང་ངོ་མཚར་དང་༎
འོག་གི་ས་ལ་ལྟས་རྣམས་བསྟན་བྱ་ཞིང་༎
ཁྲག་དང་མེ་དང་དུ་བ་འཐུལ་བ་འབྱུང་༎
༢༠ ཆེན་པོ་ལགས་ཤིང་ཁྱད་པར་ཅན་ཡིན་པའི༎
གཙོ་བོའི་ཉིན་མོ་མ་བསླེབ་སྔོན་རོལ་དུ༎
ཉི་མ་མུན་འགྱུར་ཟླ་བ་ཁྲག་ཏུ་འགྱུར༎
༢༡ གཙོ་བོའི་མཚན་ནས་བརྗོད་ཚད་ཐར་བར་འགྱུར༎
ཞེས་ལུང་བསྟན་པ་དེ་བཞིན་ནོ༎
༢༢ ཁྱེད་ཨིས་ར་ཨེལ་པ་རྣམས་གཏམ་འདི་ལ་ཉོན་ཅིག ན་ཙཱ་རེད་པ་ཡེ་ཤུ་ནི་དཀོན་མཆོག་ནས་ཡིན་པས། དཀོན་མཆོག་གིས་ཁོང་གི་ངང་ན་ཁྱེད་ཀྱི་དཀྱིལ་དུ་མཛད་པའི་མཐུ་ཆེ་བ་དང་། ངོ་མཚར་དང་། ལྟས་ཀྱི་སྒོ་ནས་དེ་བསྟན་པ་ཡིན། ༢༣ དཀོན་མཆོག་གི་ཐུགས་དགོངས་དང་སྔོན་མཁྱེན་བཞིན་དུ་བཟུང་བ་ཁོང་། ཁྱེད་ཀྱིས་བཀའ་ཁྲིམས་མེད་པའི་མིའི་ལག་ཏུ་བཏད་ནས་རྒྱང་ཤིང་ཁར་བཀྲོངས་པ་ཡིན། ༢༤ འོན་ཀྱང་འཆི་བས་ཁོང་འཛིན་མི་སྲིད་པས། དཀོན་མཆོག་གིས་ཁོང་འཆི་བའི་ཟུག་གཟེར་ལས་སྐྱབས་ཏེ་སྐུ་གསོན་པོར་བསླངས་སོ། ༢༥ དཱ་བིད་ཀྱིས་ཁོང་གི་སྐོར་ལ།
ང་ཡི་གཙོ་བོ་ང་མདུན་རྒྱུན་དུ་མཐོང་༎
ང་ཡི་གཡས་སུ་བཞུགས་པས་ང་མི་གཡོ༎
༢༦ དེ་ཕྱིར་ང་སེམས་དགའ་ཞིང་ལྕེ་ཡེས་བསྔགས༎
ང་ཡི་ལུས་ནང་རེ་བ་གནས་པར་འགྱུར༎
༢༧ ཁྱེད་ཀྱིས་ང་སེམས་གཤིན་ཁམས་ནང་མི་བོར༎
དམ་པའི་སྐྱེས་བུ་འཇིག་པར་ཡང་མི་གནང་༎
༢༨ ཁྱེད་ཀྱིས་ང་ལ་གསོན་ལམ་སྟོན་པར་མཛད༎
ཁྱེད་ཀྱི་ཞལ་ངོར་དགའ་སྤྲོས་འགེངས་པར་བྱ༎
ཞེས་གསུངས་སོ། ༢༩ སྤུན་རྣམས། ང་ཚོའི་མེས་པོ་དཱ་བིད་ཀྱི་སྐོར་དུ་ངས་གསལ་པོར་སྨྲ་བར་བྱ་སྟེ། ཁོང་གྲོངས་ནས་དུར་དུ་བཅུག་སྟེ་ཁོང་གི་བང་སོ་དེ་རིང་གི་བར་དུ་ང་ཚོའི་རྩར་ཡོད། ༣༠ ཁོང་ནི་ལུང་སྟོན་པ་ཡིན་ཏེ། དཀོན་མཆོག་གིས་ཁྱོད་ཀྱི་བརྒྱུད་ལས་མི་གཅིག་ཁྱོད་ཀྱི་རྒྱལ་ཁྲིར་སྐོའོ་ཞེས་དབུ་མནའ་བཞེས་པ་ཤེས་པས། ༣༡ མཱ་ཤི་ཀ་སྐུ་གསོན་པོར་བཞེང་བ་མངོན་པར་ཤེས་ཏེ། ཁོང་གཤིན་ཁམས་ལ་མ་བོར། སྐུ་ཤ་འཇིག་པར་ཡང་མ་གནང་ཞེས་གསུངས་སོ། ༣༢ ཡེ་ཤུ་དེ་ཉིད་དཀོན་མཆོག་གིས་སྐུ་གསོན་པོར་བསླངས་པ་ལ་ང་ཚོ་ཐམས་ཅད་ཀྱིས་དཔང་པོ་བྱེད་དོ། ༣༣ ཁོང་ནི་དཀོན་མཆོག་གི་ཕྱག་གཡས་སུ་འཕགས་ཏེ། ཞལ་གྱིས་བཞེས་པའི་དམ་པའི་ཐུགས་ཉིད་ཡབ་ནས་ཐོབ་སྟེ། ཁྱེད་ཀྱིས་མཐོང་བ་དང་ཐོས་པ་འདི་ཐམས་ཅད་ཐུགས་ཉིད་དེ་འབེབས་པར་མཛད་པའི་མཐུའོ། ༣༤ དཱ་བིད་ནི་ནམ་མཁའ་ལ་མ་འཕགས་པས། ཁོང་རང་གིས།
གཙོ་བོས་ནི་ངའི་གཙོ་བོ༌ལ༎
༣༥ ང་ཡིས་ཁྱེད་ཀྱི་དགྲ་བོ་རྣམས༎
ཁྱེད་ཀྱི་ཞབས་འོག་མ་བཞག་བར༎
ང་ཡི་གཡས་སུ་བཞུགས་ཤིག་གསུངས༎
ཞེས་གསུངས་སོ། ༣༦ ཨིས་ར་ཨེལ་གྱི་བརྒྱུད་པ་ཐམས་ཅད། ཁྱེད་ཀྱིས་བརྐྱངས་པའི་ཡེ་ཤུ་དེ་ཉིད་དཀོན་མཆོག་གིས་གཙོ་བོ་དང་མཱ་ཤི་ཀར་མཛད་པ་ནན་ཏན་ཤེས་ཤིག་ཅེས་གསུངས་སོ༎
༣༧ དེ་ཐོས་ནས་དེ་རྣམས་ཀྱི་སྙིང་ལ་ཟུག་སྟེ། པེ་ཏྲོ་དང་སྐུ་ཚབ་གཞན་རྣམས་ལ། སྤུན་རྣམས། ང་ཚོས་ཅི་བྱ་ཞེས་ཞུས་པ་དང་། ༣༨ པེ་ཏྲོས། ཁྱེད་ཐམས་ཅད་སེམས་སྒྱུར་ལ། སྡིག་པ་འདག་པའི་ཕྱིར་ཡེ་ཤུ་མཱ་ཤི་ཀའི་མཚན་བརྗོད་ཅིང་ཁྲུས་གསོལ་ལོང་ཞིག་དང་། གནང་སྦྱིན་དུ་དམ་པའི་ཐུགས་ཉིད་ཐོབ་པར་འགྱུར་རོ། ༣༩ ཞལ་ཆད་འདི་ནི་ཁྱེད་དང་ཁྱེད་ཀྱི་བུ་བརྒྱུད་དང་། གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་དྲུང་དུ་འབོད་པར་འགྱུར་བའི་རིང་དུ་གནས་པ་རྣམས་ལའང་ཡིན་ཞེས་དང་། ༤༠ གཏམ་གཞན་མང་པོས་བསླབ་བྱ་བསྟན་ཏེ། མི་བརྒྱུད་འཁྱོག་པོ་འདི་ལས་རང་ཉིད་སྲུངས་ཤིག་ཅེས་གསུངས་སོ། ༤༡ ཁོང་གི་གཏམ་དང་དུ་བླངས་པ་རྣམས་ལ་ཁྲུས་གསོལ་ཏེ། དེའི་ཉིན་པར་མི་སྟོང་ཕྲག་གསུམ་ཙམ་དེ་རྣམས་ཀྱི་གྲངས་སུ་འཇུག་པར་གྱུར་ཏོ། ༤༢ དེ་ཚོས་སྐུ་ཚབ་རྣམས་ཀྱི་བསྟན་པ་ལ་སློབ་པ་དང་། འགྲོགས་པ་དང་། བག་ལེབ་གཅོག་པ་དང་། སྨོན་ལམ་འདེབས་པ་སོགས་ལ་འབུངས་སོ༎
༤༣ ཐམས་ཅད་བག་དང་ལྡན་ཏེ། སྐུ་ཚབ་རྣམས་ཀྱིས་ལྟས་དང་ངོ་མཚར་ཆེ་བ་མང་པོ་བསྟན་ཏོ། ༤༤ དད་པ་བྱེད་པ་རྣམས་ལྷན་དུ་གནས་ཤིང་ཐམས་ཅད་སྤྱི་ནོར་བྱས་ཏེ། ༤༥ ནོར་རྫས་གང་ཡོད་བཙོངས་ནས། རེ་རེའི་དགོས་པ་བཞིན་དུ་ཐམས་ཅད་ལ་བགོས་ནས་བཏང་ངོ་། ༤༦ ཉིན་རེ་བཞིན་ཡིད་མཐུན་པར་མཆོད་ཁང་དུ་བར་མ་ཆད་པར་འགྲོ་ཞིང་། ཁྱིམ་དུ་བག་ལེབ་གཅོག་ཅིང་། སེམས་དགའ་བར་སྙིང་དྲང་པོས་ཁ་ཟས་བཟོས་སོ། ༤༧ དཀོན་མཆོག་ལ་བསྟོད་ཅིང་མི་སྡེ་ཐམས་ཅད་ཀྱིས་སྙིང་དུ་སྡུག་པར་བཟུང་ངོ་། གཙོ་བོས་ཉིན་རེ་བཞིན་སྐྱོབ་པར་མཛད་པ་རྣམས་ཆོས་ཚོགས་དང་བསྲེ་བར་མཛད་དོ༎