༡-༢ མི་རྣམས་ཀྱིས་སྐྱེས་དུས་ནས་རྐང་ལག་ཞ་བོ་ཡིན་པའི་མི་ཞིག་ཉིན་རེ་བཞིན་ཆོས་ཁང་གི་སྒོ་མཛེས་པ་ཞེས་བྱ་བ་དེའི་འགྲམ་ལ་མཆོད་ཁང་དུ་འགྲོ་བ་རྣམས་ནས་སློང་ཕྱིར་སྐྱེལ་བར་བྱེད་དོ། སྨོན་ལམ་གྱི་དུས་སུ་ཕྱི་ཐོག་ཆུ་ཚོད་གསུམ་པར་པེ་ཏྲོ་དང་ཡོ་ཧ་ནན་མཆོད་ཁང་དུ་ཕེབས་པ་ལས།  ཞ་བོ་དེས་པེ་ཏྲོ་དང་ཡོ་ཧ་ནན་མཆོད་ཁང་ནང་ཞུགས་ལ་ཁད་མཐོང་སྟེ། སློང་མོ་བསླངས་སོ།  ཡོ་ཧ་ནན་དང་མཉམ་དུ་པེ་ཏྲོས་དེ་ལ་ཞིབ་པར་གཟིགས་ནས། ང་ཚོར་ལྟོས་ཤིག་གསུངས།  དེས་ཇི་ཞིག་ཐོབ་འོང་བསམ་ཞིང་བལྟས་སོ།  པེ་ཏྲོས། དངུལ་དང་གསེར་ནི་ང་ལ་མེད། གང་ཡོད་པ་དེ་ཁྱོད་ལ་སྟེར་རོ། ན་ཙཱ་རེད་པ་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་མཐུས་ཁྱོད་འགྲུལ་བར་གྱུར་ཅིག་གསུངས་ནས།  དེའི་ལག་པ་གཡས་པ་ནས་བཟུང་ཞིང་བསླང་མ་ཐག་ཏུ། དེའི་རྐང་པ་དང་ལོང་བུར་ཤེད་ཞུགས་ནས།  མཆོང་ཞིང་ལངས་ཏེ་འགྲུལ་ཐུབ་བོ། དེ་ནས་མཆོང་ནས་འགྲུལ་ཞིང་དཀོན་མཆོག་ལ་བསྟོད་ཅིང་ཁོང་གཉིས་དང་མཉམ་དུ་མཆོད་ཁང་དུ་སོང་ངོ་།  མི་ཐམས་ཅད་ཀྱིས་དེ་འགྲུལ་ཞིང་དཀོན་མཆོག་ལ་བསྟོད་པར་མཐོང་བ་དང་། ༡༠ སྔར་མཆོད་ཁང་གི་སྒོ་མཛེས་པའི་འགྲམ་དུ་སློང་བའི་ཕྱིར་བསྡད་པའི་མི་དེ་ཡིན་པར་ངོ་ཤེས་ནས། ཁོ་ལ་དེ་ལྟར་གྱུར་པ་ལ་ཧ་ལས་ཤིང་ངོ་མཚར་དུ་གྱུར་ཏོ༎
༡༡ མི་དེས་པེ་ཏྲོ་དང་ཡོ་ཧ་ནན་ལ་འཆང་ཞིང་ཡོད་པ་ལས། མི་ཐམས་ཅད་ཡ་མཚན་དུ་གྱུར་ནས། ཤ་ལོ་མོའི་གཡབ་རིང་བྱ་བར་དེ་དག་གི་རྩར་བརྒྱུགས་སོ། ༡༢ པེ་ཏྲོས་དེ་གཟིགས་ནས་མི་ཚོགས་ལ་འདི་སྐད་དུ། ཨིས་ར་ཨེལ་པ་ཁྱེད་རྣམས། འདི་ལ་ཅིའི་ཕྱིར་ཡ་མཚན་སྐྱེད་ཅིང་ང་ཚོར་ལྟ། ང་ཚོ་རང་གི་མཐུའམ་ཆོས་སེམས་ཀྱི་ཐབས་ཀྱིས་ཁོ་འགྲུལ་བཅུག་པ་ཡིན་ནོ་མ་སེམས་ཤིག ༡༣ ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ལགས་པའི། ང་ཚོའི་ཕ་མེས་ཀྱི་དཀོན་མཆོག་གིས། ཉིད་ཀྱི་ཞབས་ཕྱི་ཡེ་ཤུ་ནི་དཔལ་དང་ལྡན་པར་མཛད་དོ། ཁྱེད་ཀྱིས་ཁོང་དགྲ་བོར་བཏད་ནས། པི་ལ་ཏུས་ཁོང་སྒྲོལ་བར་ཐག་བཅད་ཀྱང་དེའི་རྩར་བརྒྱབ་ལོག་བྱས་སོ། ༡༤ སྐྱེས་བུ་དམ་པ་དྲང་པོ་ལ་བརྒྱབ་ལོག་བྱས་ཏེ། མི་བསད་མཁན་ཞིག་སྒྲོལ་ཕྱིར་ཞུས་ནས། ༡༥ སྲོག་གི་བདག་པོ་དེ་བསད་དོ། ཁོང་ནི་དཀོན་མཆོག་གིས་གཤིན་པོ་རྣམས་ལས་བསླངས་པ་ལ་ང་ཚོས་དཔང་པོ་བྱེད་དོ། ༡༦ ཁོང་གི་མཚན་ལ་དད་པ་བྱས་པས། མཚན་དེས་ཁྱེད་ཀྱིས་མཐོང་ཞིང་ཤེས་པའི་མི་འདི་ལ་སྟོབས་གནང་ངོ་། ཁོང་ལས་བྱུང་བའི་དད་པས་ཁྱེད་ཐམས་ཅད་ཡོད་སར་ཁོ་ལ་ཁམས་བཟང་བ་འདི་བྱུང་བ་ཡིན་ནོ། ༡༧ ད་ངའི་སྤུན་རྣམས། ཁྱེད་ཀྱི་དཔོན་པོ་རྣམས་དང་འདྲ་བར་ཁྱེད་ཀྱིས་ཀྱང་མ་ཤེས་པར་དེ་ལྟར་བྱས་པ་ངས་ཤེས་སོ། ༡༨ འོན་ཀྱང་དཀོན་མཆོག་གིས་ལུང་སྟོན་པ་ཐམས་ཅད་ཀྱི་ཞལ་གྱི་སྒོ་ནས་ཉིད་ཀྱི་མཱ་ཤི་ཀས་སྡུག་བསྔལ་མྱོང་བར་དགོས་ཞེས་ལུང་བསྟན་པ་དེ་ནི་དེ་ལྟར་དུ་བསྒྲུབས་པ་ཡིན། ༡༩ དེའི་ཕྱིར་སྡིག་པ་སེལ་བའི་དོན་དུ་འགྱོད་ཚངས་བྱེད་ཅིང་སེམས་སྒྱུར་ཅིག དེ་ནས་གཙོ་བོའི་སྤྱན་སྔ་ནས་དབུགས་དབྱུང་ཐོབ་ཅིང་། ༢༠ ཁྱེད་ཀྱི་དོན་དུ་བསྐོས་པའི་མཱ་ཤི་ཀ་ཡེ་ཤུ་མངག་པར་ཡང་སྲིད་དོ། ༢༡ དཀོན་མཆོག་གིས་ཉིད་ཀྱི་ལུང་སྟོན་པ་དམ་པ་རྣམས་ཀྱི་ངག་གི་སྒོ་ནས་གསུངས་པ་རྣམས་གསར་དུ་གྲུབ་པའི་བར་དུ། ཡེ་ཤུ་ནི་ནམ་མཁའ་རུ་བཞུགས་དགོས་སོ། ༢༢ མོ་ཤེས། གཙོ་བོ་དཀོན་མཆོག་གིས་ཁྱེད་ཀྱི་དོན་དུ་ང་མངགས་པ་ལྟར་ཁྱེད་ཀྱི་སྤུན་གྱི་ནང་ནས་ལུང་སྟོན་པ་ཞིག་མངག་པར་འགྱུར། དེས་གསུང་བ་ཐམས་ཅད་ལ་ཉོན་ཅིག ༢༣ ལུང་སྟོན་པ་དེའི་གསུང་ལ་མི་ཉན་པ་རྣམས་མི་སྡེའི་ནང་ནས་མེད་པར་བྱོས་ཤིག་ཅེས་གསུངས་པ་མ་ཟད། ༢༤ ཤ་མུ་ཨེལ་ནས་བཟུང་སྟེ་ལུང་སྟོན་པ་ཐམས་ཅད་དང་། རྗེས་ལ་བྱོན་པ་རྣམས་ཀྱིས་དུས་འདི་ལུང་དུ་བསྟན་ཏོ། ༢༥ ཨབ་ར་ཧམ་ལ། ཁྱོད་ཀྱི་བུ་བརྒྱུད་ནས་ས་གཞིའི་ཁྱིམ་ཚང་ཐམས་ཅད་བྱིན་གྱིས་རློབ་པར་འགྱུར་གསུངས་པ་བཞིན། ཁྱེད་ནི་ལུང་སྟོན་པ་དེ་རྣམས་དང་དཀོན་མཆོག་གིས་ཁྱེད་ཀྱི་ཕ་མེས་ལ་མཛད་པའི་ཞལ་ཆད་ཀྱི་བུ་རྣམས་ཡིན། ༢༦ ཁྱེད་རེ་རེ་རང་གི་སྡིག་པ་ནས་སྒྱུར་ཏེ་བྱིན་གྱིས་རློབ་པའི་ཕྱིར། དཀོན་མཆོག་གིས་ཉིད་ཀྱི་ཞབས་ཕྱི་ལངས་ནས་སྔོན་ལ་ཁྱེད་ཀྱི་རྩར་སྩལ་ཏོ་ཞེས་གསུངས་སོ༎