ཁོང་གཉིས་མི་ཚོགས་ལ་གཏམ་བྱེད་ཅིང་ཡོད་པ་ལས། བླ་མ་རྣམས་དང་། མཆོད་ཁང་གི་བརྒྱ་དཔོན་དང་། སད་དུ་ཀི་པ་རྣམས་བྱུང་ནས།  དེ་གཉིས་ཀྱིས་མི་ཚོགས་ལ་ཆོས་སྟོན་ཅིང་། ཡེ་ཤུ་གཤིན་པོ་རྣམས་ལས་གསོན་པོར་བཞེངས་པའི་གཏམ་སྒྲོག་པ་ལ་མི་དགའ་བར་གྱུར་ཏེ།  དེ་གཉིས་བཟུང་སྐབས་སྲོད་རུབ་ཡོད་པས་སང་ཉིན་བར་བཙོན་དུ་བཅུག་གོ།  གསུང་ཐོས་པ་མང་པོ་དད་པར་གྱུར་ཏེ། སྐྱེས་པ་རྣམས་ཀྱི་གྲངས་ནི་སྟོང་ཕྲག་ལྔ་ཙམ་མོ༎
 དེའི་སང་དཔོན་པོ་དང་། རྒན་པོ་དང་། མཁན་པོ་རྣམས།  བླ་ཆེན་ཨན་ནཱ་དང་། ཀ་ཡ་ཕཱ་དང་། ཡོ་ཧ་ནན་དང་། ཨ་ལེག་སན་དེར་དང་། བླ་ཆེན་གྱི་བརྒྱུད་པ་ཡིན་ཚད་དང་བཅས་ཡེ་རུ་ཤ་ལེམ་དུ་འཛོམས་ཏེ།  དེ་གཉིས་དཀྱིལ་དུ་བསླངས་ནས། ཁྱེད་ཀྱིས་སུའི་དབང་དང་། སུའི་མིང་གིས་འདི་ལྟར་བྱས་པ་ཡིན་ཞེས་དྲིས་པ་དང་།  པེ་ཏྲོ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་སྟེ། དེ་ཚོར།  ཁྱེད་མི་སྡེའི་དཔོན་པོ་དང་རྒན་མི་རྣམས། དེ་རིང་ང་གཉིས་ཀྱིས་ཞ་བོ་ཞིག་ཐང་པོར་བཟོས་པའི་ལས་བཟང་པོ་དེའི་སྐོར་རྩད་གཅོད་བྱུང་ན། ༡༠ ཁྱེད་དང་ཨིས་ར་ཨེལ་གྱི་མི་སྡེ་ཐམས་ཅད་ཀྱིས་འདི་ཤེས་པར་གྱིས་ཤིག ཁྱེད་ཚོས་རྒྱང་ཤིང་ཁར་བཀྲོངས་པ་ན་ཙཱ་རེད་པ་ཡེ་ཤུ་མཱ་ཤི་ཀ དཀོན་མཆོག་གིས་གཤིན་པོའི་ཁྲོད་ལས་གསོན་པོར་བསླངས་པ་ཁོང་གི་མཚན་བརྗོད་པའི་མཐུས། མི་འདི་ཁྱེད་ཚོའི་མདུན་དུ་ཐང་པོར་འགྲེང་ངོ་། ༡༡ ཁོང་ནི་ཁྱེད་རྩིག་དཔོན་རྣམས་ཀྱིས་སྤངས་པའི་རྩིག་རྡོ་ད་ལྟ་ཟུར་རྡོར་གྱུར་པ་དེ་ཡིན་ནོ། ༡༢ ང་ཚོ་ཐར་བའི་ཕྱིར་མིའི་ནང་ན་མཚན་འདི་མི་གཏོགས་པར་གཞན་ཞིག་ནམ་མཁའི་འོག་ཏུ་གནང་བ་མ་ཡིན་པས། གཞན་སུ་ལས་ཀྱང་ཐར་པ་མི་འབྱུང་ངོ་༎
༡༣ དེ་ཚོས་པེ་ཏྲོ་དང་ཡོ་ཧ་ནན་རིག་པ་མ་བསླབས་པ་དང་ཐ་མལ་པ་ཡིན་པར་གོ་ཡང་དེ་གཉིས་ཀྱི་སྙིང་སྟོབས་མཐོང་སྟེ་ངོ་མཚར་དུ་གྱུར་ཞིང་། དེ་གཉིས་ཡེ་ཤུ་དང་མཉམ་དུ་ཡོད་པར་རྟོགས་སོ། ༡༤ ཞ་བོ་སོས་པར་གྱུར་པ་དེའང་དེ་གཉིས་ཀྱི་ལོགས་སུ་ལངས་ནས་ཡོད་པ་མཐོང་སྟེ། ལན་སྨྲ་མ་ནུས་སོ། ༡༥ དེ་གཉིས་ལ་གྲོས་ཁང་ནས་ཕྱི་རོལ་དུ་སོང་ཞེས་སྨྲས་ནས་ཕན་ཚུན་འདི་སྐད་དུ། ༡༦ འདི་གཉིས་ཀྱིས་ལྟས་ངོ་མཚར་ཅན་ཞིག་བསྟན་པ་ཡེ་རུ་ཤ་ལེམ་པ་ཐམས་ཅད་ལ་མངོན་དུ་གྱུར་པས། ང་ཚོས་མིན་ཟེར་མི་ཐུབ་སྟེ། འདི་དག་ལ་ཅི་བྱེད་པར་བྱ། ༡༧ འོན་ཀྱང་བྱ་བ་འདི་མི་སྡེའི་ནང་མི་དར་ཕྱིར་ཕྱིན་ཆད་སུ་ལའང་མིང་དེ་མི་རྗོད་པའི་བརྡ་ནན་གཏོང་བར་བྱའོ་སྨྲས་ནས། ༡༨ དེ་གཉིས་བོས་ཏེ། ད་ནམ་ཡང་ཡེ་ཤུའི་མིང་རྗོད་ཅིང་གཏམ་དང་ཆོས་འཆད་མི་ཆོག་ཟེར་མོད། ༡༩ པེ་ཏྲོ་དང་ཡོ་ཧ་ནན་གྱིས་ལན་དུ། དཀོན་མཆོག་ལས་ཁྱེད་ལ་ལྷག་པར་ཉན་པ་དཀོན་མཆོག་གི་སྤྱན་སྔར་རིགས་པ་ཡིན་མིན་ཁྱེད་ཚོས་ཤན་ཕྱེས་ཤིག ༢༠ ང་ཚོས་གང་མཐོང་བ་དང་ཐོས་པ་དེ་མ་འཆད་པར་སྡོད་མི་ཐུབ་གསུངས་པ་དང་། ༢༡ མི་སྡེས་མཛད་པ་དེའི་ཕྱིར་དཀོན་མཆོག་ལ་བསྟོད་པས། དེའི་རྐྱེན་གྱིས་ཆད་པ་གཅོད་ཐབས་མ་བརྙེད་ཅིང་བརྡ་ནན་ཆེར་བཏང་ནས་འགྲོར་བཅུག་གོ། ༢༢ ལྟས་དེས་ཞ་བོ་སོས་པར་གྱུར་པའི་མི་དེ་ལོ་བཞི་བཅུ་ལས་ལྷག་ཙམ་ལོན་པ་ཞིག་གོ།
༢༣ དེ་གཉིས་ཐར་ནས་གྲོགས་པོ་རྣམས་ཀྱི་རྩར་འོངས་ཏེ། བླ་ཆེན་དང་རྒན་མིས་སྨྲས་པ་ཐམས་ཅད་བཤད་དོ། ༢༤ དེ་ཐོས་ནས་སྐད་ཆེན་པོས་ལྷན་ཅིག་ཏུ་དཀོན་མཆོག་ལ། ཀྱེ་གཙོ་བོ། གནམ་དང་། ས་དང་། རྒྱ་མཚོ་དང་། དེ་ནང་ཡོད་པ་ཐམས་ཅད་མཛད་མཁན་ལགས། ༢༥ ཁྱེད་ཀྱི་ཕྱག་ཕྱི་ང་ཚོའི་ཕ་དཱ་བིད་ཀྱི་ངག་གི་སྒོ་ནས་དམ་པའི་ཐུགས་ཉིད་ཀྱིས་འདི་སྐད་དུ།
ཕྱི་པ་རྣམས་ཀྱིས་ཁོང་ཁྲོ་ཅི་ལ་བྱས༎
མི་སྡེས་བསམ་པ་དོན་མེད་ཅི་ལ་སྐོར༎
༢༦ གཙོ་བོ་དང་ནི་གཙོ་བོའི་བྱུགས་པ་ལ༎
ས་ཡི་རྒྱལ་པོ་རྣམས་ཀྱིས་རུ་སྒྲིག་ཅིང་༎
དཔོན་པོ་ཐམས་ཅད་འདུ་ཞིང་རྒོལ་དུ་ལངས༎
ཅེས་གསུངས་སོ། ༢༧ ཁྱེད་ཀྱི་བྱུགས་པའི་ཞབས་ཕྱི་དམ་པ་ཡེ་ཤུར་རྒོལ་དུ་གྲོང་ཁྱེར་འདིར། ཧེ་རོ་དཱེ་དང་པོན་ཏིའུ་པི་ལ་ཏུ་དང་། ཕྱི་པ་རྣམས་དང་། ཨིས་ར་ཨེལ་གྱི་མི་སྡེ་རྣམས་འདུས་པ་ནི་བདེན་པའོ། ༢༨ ཁྱེད་ཀྱི་མཐུ་དང་དགོངས་པས་སྔར་ཐག་བཅད་པ་རྣམས་སྒྲུབ་ཏུ་ཟིན་ཀྱང་། ༢༩-༣༠ ཀྱེ་གཙོ་བོ། ད་དེ་རྣམས་ཀྱིས་འཇིགས་སྣང་གཏོང་བ་ལ་གཟིགས་ཏེ། ཁྱེད་ཀྱི་ཞབས་ཕྱི་རྣམས་ལ་ཁྱེད་ཀྱི་བཀའ་སྒྲོག་ཐུབ་པའི་སྤོབས་པ་གནོང་ཞིག ཁྱེད་ཀྱི་ཞབས་ཕྱིས་ཡེ་ཤུའི་མཚན་བརྗོད་ཅིང་ངོ་མཚར་ཆེ་བའི་ལྟས་སྟོན་ཕྱིར། ནད་གསོ་རུ་ཁྱེད་ཀྱི་མཐུ་གནོང་བར་མཛོད་ཅིག ༣༡ ཅེས་སྨོན་ལམ་བཏབ་པ་དང་། དེ་དག་འཛོམས་པའི་གནས་གཡོས་ཏེ། ཐམས་ཅད་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབས་ནས་དཀོན་མཆོག་གི་བཀའ་སྤོབས་པ་ཆེན་པོས་བསྒྲགས་སོ༎
༣༢ དད་ལྡན་གྱི་ཚོགས་དེ་སྙིང་སེམས་གཅིག་ཏུ་གྱུར་ཏེ། སུས་ཀྱང་རང་གི་ནོར་ལ་ང་ཡིར་མ་འཛིན་པར་ཐམས་ཅད་སྤྱི་ནོར་བྱས་སོ། ༣༣ སྐུ་ཚབ་རྣམས་ཀྱིས་གཙོ་བོ་ཡེ་ཤུ་སྐུ་གསོན་པོར་བཞེངས་པ་ལ་སྤོབས་པ་ཆེན་པོས་དཔང་པོ་བྱས་པས། དེ་ཐམས་ཅད་ལ་བྱིན་རླབས་ཆེན་པོ་ཐོབ་བོ། ༣༤-༣༥ ཞིང་དང་ཁང་པ་ཡོད་པ་དེ་ཚོས་དེ་བཙོངས་ནས། དེའི་རིན་སྐུ་ཚབ་རྣམས་ཀྱི་ཞབས་དྲུང་དུ་ཕུལ་ནས་རེ་རེར་མཁོ་བ་བཞིན་བགོས་པས། དེ་ཚོའི་དཀྱིལ་དུ་དབུལ་པོ་སུའང་མེད་དོ། ༣༦-༣༧ སྐུ་ཚབ་རྣམས་ཀྱིས་བར་ན་བཱ་བོད་སྐད་དུ་སེམས་གསོ་བའི་བུར་གཏགས་པའི་སིབ་རུས་པ་ཡིན་པའི་ལེ་ཝི་པ་ཡོ་སེབ་ལ་ཞིང་ཞིག་ཡོད་པ་དེ་བཙོངས་ནས། རིན་སྐུ་ཚབ་རྣམས་ཀྱི་ཞབས་དྲུང་དུ་ཕུལ་ཏོ༎