ཡོ་ཧ་ནན་གྱིས་བྲིས་པའི་འཕྲིན་བཟང་།
༡
ཐོག་མར་བཀའ་ཡོད་ལགས་པ་དང་། བཀའ་དེ་དཀོན་མཆོག་མཉམ་དུ་བཞུགས། བཀའ་དེ་དཀོན་མཆོག་ལགས་པ་དང་། ༢ གདོད་ནས་དཀོན་མཆོག་མཉམ་དུ་བཞུགས། ༣ དངོས་པོ་ཐམས་ཅད་བཀའ་དེས་མཛད། ཁོང་མེད་ཅི་ཡང་མ་བྱུང་ངོ་། ༤ ཁོང་གི་ནང་ན་གསོན་པ་སྟེ། གསོན་པ་མི་ཡི་འོད་དེ་ཡིན། ༥ འོད་དེ་མུན་པའི་ནང་དུ་ཤར། མུན་པས་ནོན་པར་མི་ནུས་སོ༎༦ དཀོན་མཆོག་གིས་ནི་མི་ཞིག་མངགས། ཡོ་ཧ་ནན་ཞེས་མིང་དུ་བསྒྲགས། ༧ ཁོ་རྒྱུད་ཐམས་ཅད་དད་པའི་ཕྱིར། འོད་ལ་དཔང་པོ་བྱེད་དུ་འོངས། ༨ ཁོ་ནི་འོད་དེ་མ་ཡིན་ཀྱང་། འོད་ལ་དཔང་པོ་བྱེད་ཕྱིར་རོ། ༩ སྐྱེས་བུ་ཡོངས་ལ་འོད་གནང་དུ། བདེན་པའི་འོད་གསལ་ས་གཞིར་བྱོན། ༡༠ འཇིག་རྟེན་ཁོང་གིས་བཀོད་མཛད་ཅིང་། འཇིག་རྟེན་དུ་ནི་བཞུགས་ཡོད་ཀྱང་། འཇིག་རྟེན་པ་ཡིས་ངོ་མ་ཤེས། ༡༡ ཁོང་ནི་རང་ཁྱིམ་དུ་བྱོན་ཀྱང་། རང་མི་རྣམས་ཀྱིས་མ་བསུས་སོ། ༡༢ སུས་ཁོང་བསུ་ཞིང་ཁོང་མཚན་ལ། དད་པ་བྱེད་རྣམས་དཀོན་མཆོག་གི། སྲས་སུ་འགྱུར་བའི་དབང་བསྐུར་ཏོ། ༡༣ དེ་རྣམས་དཀོན་མཆོག་ལས་ཆད་དེ། ཤ་ཁྲག་ལས་མིན་མི་ལས་མིན།
༡༤ བཀའ་དེ་སྐུ་ལུས་ལྡན་པར་སྤྲུལ། ང་ཚོའི་ཁྲོད་དུ་བཞུགས་མཛད་དོ། ཡབ་ནས་བྱུང་བའི་སྲས་གཅིག་པོ། ཐུགས་རྗེ་བདེན་པས་གང་བ་ཡི། གཟི་བརྗིད་ཁོ་ནར་ང་ཚོས་མཐོང་། ༡༥ ཡོ་ཧ་ནན་གྱིས་ཁོང་གི་སྐོར། ང་ཡི་རྗེས་སུ་ཕེབས་པ་ཁོང་། ང་ལས་སྔོན་དུ་བཞུགས་པས་ན། ང་ཡི་གོང་དུ་གྱུར་པ་ཡིན། ངས་སྔོན་སྨྲས་པའི་སྐྱེས་བུ་དེའོ། ཞེས་དཔང་བྱེད་ཅིང་འབོད་བསྒྲགས་སོ། ༡༦ ཁོང་གི་ཕུན་སུམ་ཚོགས་པ་ལས། ང་ཚོ་ཡོངས་ལ་ཐོབ་གྱུར་ནས། ཐུགས་རྗེ་སྟེང་དུ་ཐུགས་རྗེ་རྙེད། ༡༧ མོ་ཤེ་རྒྱུད་ནས་བཀའ་ཁྲིམས་བྱུང་། ཡེ་ཤུ་མཱ་ཤི་ཀ་རྒྱུད་ནས། ཐུགས་རྗེ་དང་ནི་བདེན་པ་བྱུང་། ༡༨ སུས་ཀྱང་དཀོན་མཆོག་མ་མཇལ་ནའང་། ཡབ་ཀྱི་སྐུ་པང་ལ་བཞུགས་པའི། སྲས་ནི་གཅིག་པོས་ངོ་སྤྲད་དོ༎
༡༩ ཡོ་ཧ་ནན་གྱིས་དཔང་པོ་བྱེད་པ་འདི་ལྟར་རོ། ཡ་ཧུ་དཱ་པ་རྣམས་ཀྱིས་ཡེ་རུ་ཤ་ལེམ་ནས། ཁྱེད་སུ་ཡིན་ཞེས་འདྲི་རུ། བླ་མ་དང་མཆོད་གཡོག་༼མ་ཡིག་ཏུ་ལེ་ཝི་༽པ་བཏང་བའི་ཚེ། ༢༠ ཁོང་གིས་ཁ་གསངས་ཏེ་ང་ནི་མཱ་ཤི་ཀ་མིན་ཞེས་དྲང་པོར་གསུངས་སོ། ༢༡ འོ་ན་ཅི། ཨེ་ལི་ཡཱ་ཡིན་ནམ་ཞུས་པས། མིན་གསུངས། ལུང་སྟོན་པ་དེ་ཡིན་ནམ་ཞུས་པས། མིན་གསུངས། ༢༢ འོ་ན་ཁྱེད་སུ་ཡིན། ང་ཚོ་བཏང་མཁན་རྣམས་ལ་ལན་ཞིག་དགོས། རང་གི་སྐོར་དུ་གསུང་རྒྱུ་ཅི་ཡོད་ཞུས་པས། ༢༣ ཁོང་གིས། ལུང་སྟོན་པ་ཡེ་ཤ་ཡཱས་གསུངས་པ་ལྟར། གཙོ་བོའི་ཕེབས་ལམ་སྲོང་ཞིག་ཅེས་འབྲོག་སྟོང་ནང་འབོད་པའི་སྒྲ་དེ་ང་ཡིན། ༢༤ དེ་ཚོ་ཕ་རུ་ཤི་པས་བཏང་བ་ཡིན་པས། ༢༥ ཁྱེད་མཱ་ཤི་ཀའམ། ཨེ་ལི་ཡཱའམ། ལུང་སྟོན་པ་དེ་མིན་བཞིན་དུ། ཁྲུས་ཅི་ལ་གནང་ཞེས་དྲིས་པ་དང་། ༢༦ ཡོ་ཧ་ནན་གྱིས་ལན་དུ། ངས་ཆུའི་ཁྲུས་གཏོང་སྟེ། ཁྱེད་ཀྱི་དཀྱིལ་དུ་ཁྱེད་ཀྱིས་ངོ་མི་ཤེས་པའི་སྐྱེས་བུ་ཞིག་འདུག ༢༧ ཁོང་ངའི་རྗེས་སུ་འབྱོན་ཞིང་། ང་ཁོང་གི་ཞབས་ལྷམ་གྱི་སྒྲོག་བུ་སྒྲོལ་དུའང་འོས་མ་ཡིན་གསུངས་སོ། ༢༨ དེ་ཡོ་ཧ་ནན་གྱིས་ཁྲུས་གསོལ་ས་ཆུ་བོ་ཡོར་དན་གྱི་ཕ་རོལ་དུ་བེད་ཨན་ཡཱར་བྱུང་ངོ་༎
༢༩ དེའི་སང་ཉིན་ཡེ་ཤུ་དེར་ཕེབས་པ་མཐོང་ནས་ཡོ་ཧ་ནན་གྱིས་དཔང་པོ་བྱེད་ཅིང་འདི་སྐད་དུ། འཇིག་རྟེན་གྱི་སྡིག་པ་འཁྱེར་བའི་དཀོན་མཆོག་གི་ལུག་གུ་དེ་ལ་ལྟོས་ཤིག ༣༠ ང་ཡི་རྗེས་སུ་ཕེབས་པ་ཁོང་། ང་ལས་སྔོན་དུ་བཞུགས་པས་ན། ང་ཡི་གོང་དུ་ཁོང་གྱུར་ཏོ། ཞེས་ངས་སྨྲས་པའི་སྐྱེས་བུ་འདི་ཡིན་ནོ། ༣༡ ངས་ཁོང་ངོ་མ་ཤེས་ཀྱང་། ཁོང་ཨིས་ར་ཨེལ་ལ་ངོ་སྤྲོད་པའི་དོན་དུ། ཆུའི་ཁྲུས་གཏོང་ཞིང་འོངས་པ་ཡིན། ༣༢ ཐུགས་ཉིད་ཕུག་རོན་ལྟར་ནམ་མཁའ་ནས་བབས་ཏེ། ཁོང་གི་སྟེང་དུ་གནས་པ་ངས་མཐོང་ངོ་། ༣༣ ངས་ཁོང་ངོ་མ་ཤེས་ཀྱང་། ང་ཆུའི་ཁྲུས་གཏང་དུ་མངགས་མཁན་གྱིས་ང་ལ། སུའི་སྟེང་དུ་ཐུགས་ཉིད་འབབ་ཅིང་གནས་པ་ཁྱོད་ཀྱིས་མཐོང་བ་དེ། དམ་པའི་ཐུགས་ཉིད་ཀྱི་ཁྲུས་གསོལ་མཁན་དེ་ཡིན་གསུངས་པས། ༣༤ ངས་དེ་མཇལ་ནས། འདི་ནི་དཀོན་མཆོག་གི་སྲས་ཡིན་ཟེར་ཞིང་དཔང་པོ་བྱེད་དོ་ཞེས་གསུངས་སོ༎
༣༥ དེའི་སང་ཉིན་ཡོ་ཧ་ནན་དང་དེའི་སློབ་མ་གཉིས་སླར་དེར་ཡོད་པ་ལས། ༣༦ ཡེ་ཤུ་ཕེབས་པར་མཇལ་ཏེ། ཡོ་ཧ་ནན་གྱིས། དཀོན་མཆོག་གི་ལུག་གུ་དེ་ལ་ལྟོས་ཤིག་ཞེས་གསུངས་སོ། ༣༧ སློབ་མ་དེ་གཉིས་ཀྱིས་དེ་ཐོས་ནས། ཡེ་ཤུའི་རྗེས་སུ་འབྲངས་སོ། ༣༨ ཡེ་ཤུས་ཕྱི་མིག་གཟིགས་པས་དེ་དག་འབྲང་བར་གཟིགས་ཏེ། ཅི་འཚོལ་གསུངས་པས། དེ་དག་གིས། རབ་བི། བོད་སྐད་དུ་སྟོན་པ། ཁྱེད་ག་རུ་བཞུགས་ཞུས་པས། ༣༩ ཤོག་ཅིག་དང་མཐོང་འོང་གསུངས། དེ་དག་སོང་ནས་བཞུགས་ས་མཐོང་། དེ་ཙ་ན་ཉིན་མོའི་ཆུ་ཚོད་བཞི་པ་ཙམ་ཡིན་པས་དེ་ཉིན་ཁོང་དང་མཉམ་དུ་བསྡད་དོ། ༤༠ ཡོ་ཧ་ནན་ལས་ཐོས་ཏེ། ཡེ་ཤུའི་རྗེས་སུ་འབྲངས་མཁན་གཉིས་པོ་ལས་གཅིག་ཤི་མོན་པེ་ཏྲོའོ་ནུ་བོ་ཨན་དྲེ་ཨ་ཡིན། ༤༡ དང་པོར་ཕུ་བོ་ཤི་མོན་དང་འཕྲད་ནས་དེ་ལ། མཱ་ཤི་ཀ་དང་མཇལ་བྱུང་ཞེས་སྨྲས་སོ། མཱ་ཤི་ཀ་ནི་བོད་སྐད་དུ་བྱུགས་པའོ། ༤༢ ཡེ་ཤུའི་སྐུ་དྲུང་དུ་འཁྲིད་དེ། ཡེ་ཤུས་གཟིགས་ནས། ཁྱོད་ཡོ་ནཱའི་བུ་ཤི་མོན་མ་ཡིན་ནམ། ཁྱོད་ལ་ཀེ་ཕཱ་ཟེར་བར་གྱུར་གསུངས་སོ། ཀེ་ཕཱའམ་པེ་ཏྲོ་ནི་བོད་སྐད་དུ་རྡོའོ༎
༤༣ དེའི་སང་ཉིན་ཡེ་ཤུ་ག་ལིལ་ཡུལ་དུ་ཕེབས་པར་དགོངས་ནས། ཕི་ལིབ་གཟིགས་ནས་དེ་ལ། ངའི་རྗེས་སུ་བྲོངས་ཤིག་གསུངས་སོ། ༤༤ ཕི་ལིབ་ནི་ཨན་དྲེ་ཨ་དང་པེ་ཏྲོའི་ཡུལ་གཅིག་པ་བེད་ཙ་ཡི་དཱ་པ་ཡིན་ནོ། ༤༥ ཕི་ལིབ་ནི་ན་ཐན་ཨེལ་དང་འཕྲད་ནས་འདི་སྐད་དུ། མོ་ཤེས་བཀའ་ཁྲིམས་ཀྱི་མདོའི་ནང་དང་། ལུང་སྟོན་པ་རྣམས་ཀྱིས་བྲིས་པའི་སྐྱེས་བུ། ཡོ་སེབ་ཀྱི་སྲས་ན་ཙཱ་རེད་པ་ཡེ་ཤུ་མཇལ་ཞེས་སྨྲས་པ་དང་། ༤༦ ན་ཐན་ཨེལ་གྱིས་དེ་ལ། ན་ཙཱ་རེད་ནས་བཟང་པོ་ཞིག་འཐོན་སྲིད་དམ་སྨྲས་པས། ཕི་ལིབ་ཀྱིས། ཤོག་ལ་ལྟོས་ཤིག་ཟེར་ཏོ། ༤༧ ཡེ་ཤུས་ན་ཐན་ཨེལ་འོང་བར་གཟིགས་ནས། ལྟོས་ཤིག འདི་ནི་གཡོ་སྒྱུ་མེད་པའི་ཨིས་ར་ཨེལ་པ་དངོས་མ་ཞིག་ཡིན་ནོ་གསུངས་པས། ༤༨ ན་ཐན་ཨེལ་གྱིས། ང་ཅི་ལྟར་མཁྱེན་ཞུས་པའི་བཀའ་ལན་དུ། ཕི་ལིབ་ཀྱིས་མ་འབོད་པའི་སྔོན་དུ། ངས་ཁྱོད་སེ་ཡབ་ཤིང་གི་འོག་ལ་ཡོད་པ་མཐོང་བྱུང་གསུངས་སོ། ༤༩ ན་ཐན་ཨེལ་གྱིས། སྟོན་པ། ཁྱེད་ནི་དཀོན་མཆོག་གི་སྲས་ལགས། ཁྱེད་ནི་ཨིས་ར་ཨེལ་གྱི་རྒྱལ་པོ་ལགས་ཞུས་སོ། ༥༠ ཡེ་ཤུས་བཀའ་ལན་དུ། ངས་ཁྱོད་སེ་ཡབ་ཤིང་གི་འོག་ལ་མཐོང་ཞེས་སྨྲས་པས། དད་པ་བྱེད་དམ། དེ་ལས་ཆེ་བའི་བྱ་བ་མཐོང་བར་འགྱུར། ༥༡ ནམ་མཁའ་བྱེས་ནས། དཀོན་མཆོག་གི་ཕོ་ཉ་འཛེག་པ་དང་མིའི་བུའི་ཐོག་ཏུ་འབབ་པ་མཐོང་བར་འགྱུར་རོ་ངས་བདེན་པར་ཟེར་ཞེས་གསུངས་སོ༎