དེའི་ཞག་གསུམ་པ་ལ། ག་ལིལ་གྱི་ཁ་ནཱ་རུ་བག་སྟོན་ཞིག་ཡོད་དེ། ཡེ་ཤུའི་ཡུམ་ཡང་དེར་བཞུགས་སོ།  ཡེ་ཤུའང་ཉེ་གནས་དང་བཅས་དེར་སྤྱན་དྲངས་སོ།  རྒུན་ཆང་རྫོགས་ནས་ཡེ་ཤུའི་ཡུམ་གྱིས་ཁོང་ལ། རྒུན་ཆང་མི་འདུག་ཞུས་པ་དང་།  ཡེ་ཤུས། མ། དེ་ནི་ཅི་ཡང་མི་སྟོ། ངའི་དུས་ཚོད་ད་དུང་མ་རན་གསུངས་སོ།  ཡུམ་གྱིས་གཡོག་པོ་ཚོར། ཁོང་གིས་ཅི་གསུང་བྱོས་ཤིག་གསུངས་སོ།  ཡ་ཧུ་དཱ་པའི་གཙང་སྦྲའི་ཕྱིར་འབྲུ་ཁལ་བཅུ་ཙམ་ཤོང་བའི་རྡོ་བེན་དྲུག་དེ་རུ་ཡོད་པ་ཡིན།  ཡེ་ཤུས་དེ་ཚོར་ཆུ་བེན་དེ་ཚོ་ཆུས་ཁོང་ཞིག་གསུངས་པས། ལྟེམ་མེར་བཀང་ངོ་།  ད་བཅུས་ཏེ་ལས་དཔོན་ལ་ཁྱེར་ཞིག་གསུངས་པས་ཁྱེར་ཏོ།  ལས་དཔོན་གྱིས་ཆུར་བྲོ་བ་མྱངས་པ་དང་རྒུན་ཆང་ལ་གྱུར་ཡོད་དོ། ཆུ་བཅུ་བའི་གཡོག་པོ་ལ་རྒྱུས་ཡོད་ཀྱང་། ལས་དཔོན་གྱིས་དེ་ག་ནས་བྱུང་མ་ཤེས་པས། མག་པ་བོས་ནས་དེ་ལ། ༡༠ མི་ཀུན་གྱིས་སྔོན་ལ་རྒུན་ཆང་ལེགས་པ་དེ་སྟེར་ནས་མགྲོན་པོ་ར་བཟི་བ་དང་། ཞན་པ་དེ་བསྟེར་ཀྱང་། ཁྱེད་ཀྱིས་རྒུན་ཆང་ལེགས་པ་དེ་ད་ལྟ་བར་བཞག་གོ་ཅེས་སྨྲས་སོ། ༡༡ ལྟས་དང་པོ་དེ་ཡེ་ཤུས་ག་ལིལ་ཡུལ་གྱི་ཁ་ནཱ་རུ་བསྟན་ཏེ། ཉིད་ཀྱི་དཔལ་མངོན་པར་མཛད་ནས། ཉེ་གནས་རྣམས་ཁོང་ལ་དད་དོ། ༡༢ དེའི་རྗེས་སུ་ཡུམ་དང་སྐུ་མཆེད་དང་ཉེ་གནས་རྣམས་བཅས་ཁོང་ཀ་ཕར་ནཱ་ཧུམ་དུ་ཕེབས་ནས་ཞག་ཤས་བཞུགས་སོ༎
༡༣ ཡ་ཧུ་དཱ་པའི་པེ་སག་གི་དུས་ཆེན་ཉེ་བས། ཡེ་ཤུ་ཡེ་རུ་ཤ་ལེམ་དུ་ཕེབས་སོ། ༡༤ མཆོད་ཁང་ནང་གླང་དང་། ལུག་དང་། ཕུག་རོན་ཚོང་མཁན་དང་། དངུལ་རྗེ་མཁན་རྣམས་ཉོ་ཚོང་བྱེད་པར་གཟིགས་ནས། ༡༥ ཐག་པའི་རྟ་ལྕག་མཛད་ནས་མཆོད་ཁང་ནས་དེ་ཚོ་ལུག་དང་གླང་བཅས་ཕྱིར་བཏོན་ཏེ། དངུལ་རྗེ་མཁན་གྱི་ཊཾ་ཀ་རྣམས་གཏོར། ལྕོག་ཙེ་སློག ༡༦ ཕུག་རོན་ཚོང་མཁན་རྣམས་ལ། འདི་ཚོ་ཕར་ཁྱེར། ངའི་ཡབ་ཀྱི་ཕོ་བྲང་ཚོང་ཁང་དུ་མ་བྱེད་ཅིག་གསུངས་སོ། ༡༧ མདོ་ན། ཁྱེད་ཀྱི་ཕོ་བྲང་ལ་གདུང་བས་ང་ཟའོ་ཞེས་བྲིས་པ་ཉེ་གནས་རྣམས་ཀྱི་ཡིད་ལ་དྲན་ནོ། ༡༨ ཡ་ཧུ་དཱ་པ་རྣམས་ཀྱིས་ཁོང་ལ། ཁྱེད་ཀྱིས་འདི་འདྲ་མཛད་པ་ལ། ལྟས་སྟོན་རྒྱུ་ཅི་ཡོད་ཞུས་པ་དང་། ༡༩ ཡེ་ཤུས་བཀའ་ལན་དུ། མཆོད་ཁང་འདི་ཤིག་ཅིག་དང་། ངས་ཞག་གསུམ་ནང་བཞེང་ངོ་གསུངས་སོ། ༢༠ དེ་ཚོས། མཆོད་ཁང་འདི་བཞེང་བ་ལ་ལོ་བཞི་བཅུ་ཞེ་དྲུག་སོང་། ཁྱེད་ཀྱིས་ཞག་གསུམ་ནང་བཞེང་ངམ་ཞུས་སོ། ༢༡ ཁོང་གིས་སྐུ་ལུས་ཡིན་པའི་མཆོད་ཁང་ལ་དམིགས་ཏེ་གསུངས་པ་ཡིན། ༢༢ ཁོང་གཤིན་པོའི་ཁྲོད་ནས་གསོན་པོར་བཞེངས་པའི་ཚེ། ཉེ་གནས་རྣམས་ཀྱིས་གསུང་དེ་དྲན་ནས། གསུང་རབ་དང་ཡེ་ཤུའི་བཀའ་ལ་དད་པར་གྱུར་ཏོ༎
༢༣ ཁོང་ཡེ་རུ་ཤ་ལེམ་དུ་པེ་སག་གི་དུས་ཆེན་ལ་བཞུགས་རིང་དུ་མཛད་པའི་ལྟས་རྣམས་མཐོང་ནས་མང་པོས་ཁོང་ལ་དད་པ་བྱས་སོ། ༢༤-༢༥ འོན་ཀྱང་ཡེ་ཤུས་ཐམས་ཅད་མཁྱེན་ཅིང་། སུས་ཀྱང་གཞན་གྱི་སྐོར་ལ་ཞུ་མ་དགོས་པར། མིའི་སྙིང་ནང་ཅི་ཡོད་པ་མཁྱེན་པས། དེ་ཚོར་བློ་གཏད་མ་མཛད་དོ༎