ལུ་ཀཱས་བྲིས་པའི་འཕྲིན་བཟང་།
༡
༡-༢ ཐོག་མ་ནས་མིག་གིས་མཐོང་མཁན་དང་བཀའི་ཞབས་ཏོག་པ་རྣམས་ཀྱིས་ང་ཚོར་གང་བཏད་པ་བཞིན་དུ། ང་ཚོའི་དཀྱིལ་དུ་གྲུབ་པའི་བྱ་བ་ཕུལ་དུ་བྱུང་བ་རྣམས་མི་མང་པོས་ཡི་གེར་བཀོད་པར་བརྩམས་པས། ༣ ངས་ཀྱང་ཡུན་རིང་ནས་དེ་ཐམས་ཅད་ཞིབ་ཏུ་རྩར་བཅད་དེ། རིམ་པ་བཞིན་མི་རྗེ་ཐེའོ་ཕི་ལུ་ཁྱེད་ཀྱི་ཕྱིར་འབྲི་བར་དམིགས་པ་ཡིན། ༤ དེ་ལྟར་ཁྱེད་ཀྱིས་གང་གསན་པ་རྣམས་བདེན་པ་ཡིན་པར་མཁྱེན་འོང་།༥ ཡ་ཧུ་དཱའི་རྒྱལ་པོ་ཧེ་རོ་དཱེའི་དུས་ལ། ཨ་བི་ཡཱའི་སྡེ་ཚན་པ་ཟ་ཀར་ཡཱ་བྱ་བའི་བླ་མ་ཞིག་ཡོད་དེ། དེའི་ཆུང་མ་ཨ་རོན་གྱི་རྒྱུད་ཡིན་ཞིང་། ཨེ་ལི་སཱ་བེད་བྱའོ། ༦ དེ་གཉིས་དཀོན་མཆོག་གི་དྲུང་དུ་ཆོས་པ་ཡིན་ཞིང་། གཙོ་བོ་དཀོན་མཆོག་གི་བཀའ་དང་ཚུལ་ཁྲིམས་འཕྱུགས་མེད་བསྲུངས་སོ། ༧ ཨེ་ལི་སཱ་བེད་རབས་ཆད་མོ་ཡིན་པས། ཕྲུ་གུ་མེད་པར་དེ་གཉིས་རྒས་སོ༎
༨ རང་གི་སྡེ་ཚན་གྱི་རེས་མོས་ལ་ཟ་ཀར་ཡཱས་དཀོན་མཆོག་གི་དྲུང་དུ་མཆོད་གཡོག་བྱེད་པའི་ཚེ། ༩ བླ་མའི་ཁྲིམས་ཀྱི་རྟགས་རིལ་བཞིན་དུ། གཙོ་བོ་དཀོན་མཆོག་གི་གཙང་ཁང་དུ་ཞུགས་ཏེ། སྤོས་བདུག་པ་ཁོ་ལ་བབས་ནས། ༡༠ སྤོས་བདུག་དུས་སུ་མི་སྡེའི་ཚོགས་ཐམས་ཅད་ཀྱིས་ཕྱི་རོལ་ན་སྨོན་ལམ་བཏབ་བོ། ༡༡ གཙོ་བོའི་ཕོ་ཉ་སྤོས་འབུལ་སའི་མཆོད་ཁྲིའི་གཡས་སུ་ཀྲོང་ངེར་བྱུང་བ་དང་། ༡༢ ཟ་ཀར་ཡཱས་དེ་མཐོང་སྟེ་འཚབས་ནས་འཇིགས་སོ། ༡༣ ཕོ་ཉས། ཟ་ཀར་ཡཱ། མ་འཇིགས་ཤིག དཀོན་མཆོག་གིས་ཁྱོད་ཀྱི་སྨོན་ལམ་གསན་པས། ཆུང་མ་ཨེ་ལི་སཱ་བེད་ལས་ཁྱོད་ལ་བུ་ཞིག་སྐྱེ་འོང་། ཁྱོད་ཀྱིས་དེའི་མིང་ཡོ་ཧ་ནན་ཞེས་ཐོགས། ༡༤ ཁྱོད་དགའ་ཞིང་ཡི་རང་བར་འགྱུར། དེ་སྐྱེ་བ་ལ་མི་མང་པོའང་དགའ་བར་འགྱུར་རོ། ༡༥ ཁོ་གཙོ་བོའི་དྲུང་དུ་ཆེན་པོ་ཡིན་ཏེ། ཆང་དང་ཨ་རག་འཐུང་མི་འོང་། མའི་མངལ་ནས་དམ་པའི་ཐུགས་ཉིད་ཀྱིས་གང་བར་འགྱུར། ༡༦ ཨིས་ར་ཨེལ་གྱི་བུ་མང་པོ་དེ་ཚོའི་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་འགུག་པར་འགྱུར། ༡༧ ཕའི་སྙིང་བུ་ལ་དང་། མི་དད་པ་དད་པའི་ཕྱོགས་སུ་འགུག་ཅིང་། གཙོ་བོའི་དོན་དུ་སྙོམས་པའི་མི་སྡེ་ཞིག་ཤོམ་པའི་ཕྱིར་དུ། ཨེ་ལི་ཡཱའི་ཤུགས་དང་སྟོབས་ཀྱིས། ཁོང་གི་སྔོན་དུ་འགྲོའོ། སྨྲས་པ་དང་། ༡༨ ཟ་ཀར་ཡཱས། ང་ནི་རྒས་ཤིང་། ངའི་ཆུང་མའང་རྒས་པས། ངས་འདི་ཅི་ལྟར་རྟོགས་པར་འགྱུར། དྲིས་པས། ༡༩ ཕོ་ཉས་ལན་དུ། ང་དཀོན་མཆོག་གི་དྲུང་དུ་འགྲེང་བའི་ཕོ་ཉ་གབ་རི་ཨེལ་ཡིན་ཏེ། ཁྱོད་ལ་སྨྲ་བ་དང་། ལོན་བཟང་པོ་འདི་འཆད་དུ་མངགས་པ་ཡིན། ༢༠ དུས་ཁར་འགྲུབ་འོང་བའི་ངའི་ངག་ལ་ཡིད་མ་ཆེས་པས། འགྲུབ་པའི་བར་དུ་ཁྱོད་ཁ་རོག་ཅིང་ལབ་མི་ཐུབ་ཅེས་སྨྲས་སོ། ༢༡ མི་སྡེས་ཟ་ཀར་ཡཱ་ལ་འགུག་ཅིང་། གཙང་ཁང་ནང་འགོར་བ་ལ་ངོ་མཚར་སྐྱེས་སོ། ༢༢ ཁོ་ཕྱིར་འཐོན་ཏེ་ལབ་མ་ཐུབ་པ་དང་། གཙང་ཁང་ནང་ཞལ་གཟིགས་ཤིག་མཐོང་བ་དེ་རྣམས་ཀྱིས་ཤེས་སོ། ཁོ་ལག་བརྡ་བྱེད་ཅིང་ལྐུགས་པར་ལུས། ༢༣ ཞབས་ཏོག་གི་ཞག་ཚང་བ་དང་ཁྱིམ་དུ་ལོག་གོ། ༢༤-༢༥ དེའི་རྗེས་སུ་ཆུང་མ་ཨེ་ལི་སཱ་བེད་མངལ་དང་ལྡན་ཏེ། མིའི་མདུན་དུ་ངའི་སྨད་པ་མེད་པར་མཛད་ཕྱིར་གཙོ་བོས་ང་ལ་གཟིགས་དུས། ང་ལ་འདི་ལྟར་མཛད་བྱུང་ཟེར་ཞིང་། ཟླ་བ་ལྔའི་བར་དུ་ཡིབ་ནས་བསྡད་དོ༎
༢༦ ཟླ་བ་དྲུག་པ་ལ། ག་ལིལ་ཡུལ་གྱི་གྲོང་ཁྱེར་ན་ཙཱ་རེད་ལ། ༢༧ དཱ་བིད་ཀྱི་རྒྱལ་བརྒྱུད་ནས་ཡིན་པའི་ཡོ་སེབ་བྱ་བ་ཞིག་གི་ཆུང་མར་འགྱུར་བ་ཐག་ཆོད་པའི་ན་ཆུང་མ་མིར་ཡམ་བྱ་བ་དེའི་རྩར་དཀོན་མཆོག་གིས་ཕོ་ཉ་གབ་རི་ཨེལ་སྩལ་ཏོ། ༢༨ ཕོ་ཉས་ནང་དུ་མོའི་དྲུང་དུ་འོངས་ནས་འདི་སྐད་དུ། ཐུགས་རྗེ་ཐོབ་པ་ཁྱེད་ལ་ཕྱག་འཚལ་ལོ། གཙོ་བོ་ཁྱེད་མཉམ་བཞུགས་སོ། ཞེས་སྨྲས་སོ། ༢༩ གཏམ་དེ་ལ་འཇིགས་ནས། མོས་ཕྱག་འདི་ཅི་ཞིག་ཡིན་བསམས་སོ། ༣༠ ཕོ་ཉས། མིར་ཡམ་མ་འཇིགས་ཤིག ཁྱོད་ལ་དཀོན་མཆོག་ནས་ཐུགས་རྗེ་ཐོབ་པས། ༣༡ ཁྱེད་མངལ་དང་ལྡན་ཞིང་སྲས་ཤིག་བལྟམ་འོང་། ཁོང་གི་མཚན་ལ་ཡེ་ཤུ་གསོལ། ༣༢ ཁོང་ནི་ཆེན་པོར་འགྱུར་འོང་སྟེ། བླ་མེད་དཀོན་མཆོག་སྲས་ཞུ་འོང་། ཁོང་ལ་གཙོ་བོ་དཀོན་མཆོག་གིས། དཱ་བིད་ཡབ་ཀྱི་ཁྲི་གནང་འོང་། ༣༣ ཡ་ཀོབ་བརྒྱུད་ལ་དུས་རྒྱུན་དུ། ཁོང་གིས་སྲིད་སྐྱོང་མཛད་པར་འགྱུར། ཁོང་གི་རྒྱལ་སྲིད་མཐའ་མེད་འགྱུར། ཞེས་སྨྲས་པ་དང་། ༣༤ མིར་ཡམ་གྱིས། ང་ཁྱོ་དང་མ་འཕྲད་པས། འདི་ཅི་ལྟར་འབྱུང་སྲིད་དྲིས་པ་ལས། ༣༥ ཕོ་ཉས་ལན་དུ། ཁྱེད་ལ་དམ་པའི་ཐུགས་ཉིད་འབབ། བླ་མེད་མཐུ་ཡིས་བསིལ་གྲིབ་པས། ཁྱེད་ལ་བལྟམ་པའི་དམ་པ་ལ། དཀོན་མཆོག་ཉིད་ཀྱི་སྲས་གསོལ་འགྱུར། ༣༦ རབས་ཆད་མོ་ཟེར་བའི་ཁྱེད་ཀྱི་གཉེན་རྒད་མོ་ཨེ་ལི་སཱ་བེད་ཀྱང་མངལ་དང་ལྡན་ཏེ་ཟླ་བ་དྲུག་པ་ཡིན། ༣༧ དཀོན་མཆོག་ལ་མི་ཐུབ་པ་ཅིའང་མེད་སྨྲས་པ་དང་། ༣༨ མིར་ཡམ་གྱིས། ང་ནི་གཙོ་བོའི་གཡོག་མོ་ཡིན་ཏེ། ཁྱོད་ཀྱི་གསུང་བཞིན་ང་ལ་འབྱུང་བར་ཤོག་སྨྲས་པ་དང་། ཕོ་ཉ་སོང་ངོ་༎
༣༩ དེའི་དུས་སུ་མིར་ཡམ་ལངས་ནས། རི་ཡུལ་གྱི་ཡ་ཧུ་དཱའི་གྲོང་ཁྱེར་དུ་མྱུར་དུ་སོང་ནས། ༤༠ ཟ་ཀར་ཡཱའི་ཁྱིམ་དུ་ཞུགས་ཏེ། ཨེ་ལི་སཱ་བེད་ལ་ཕྱག་བྱས་སོ། ༤༡ མིར་ཡམ་གྱི་ཕྱག་བྱེད་པ་ཨེ་ལི་སཱ་བེད་ཀྱིས་ཐོས་པ་དང་། མངལ་ནང་ཕྲུ་གུ་འཕར་ཏོ། ཨེ་ལི་སཱ་བེད་དམ་པའི་ཐུགས་ཉིད་ཀྱིས་གང་ནས་འདི་སྐད་དུ། ༤༢ བུད་མེད་ཁྲོད་ཁྱེད་བྱིན་བརླབས་པ། མངལ་གྱི་འབྲས་བུའང་བྱིན་བརླབས་སོ། ༤༣ ངའི་རྩར་ང་ཡི་གཙོ་བོའི་ཡུམ། ཕེབས་པའི་བཀའ་དྲིན་གང་ནས་བྱུང་། ༤༤ ཕྱག་མཛད་ངའི་རྣས་ཐོས་ཙམ་དུ། མངལ་གྱི་ཕྲུ་གུ་དགའ་བས་འཕར། ༤༥ གཙོ་བོས་ཅི་གསུངས་བསྒྲུབ་པ་ལ། དད་པ་བྱས་པ་ཁྱེད་བཀྲ་ཤིས། ཞེས་འབོད་བསྒྲགས་སོ༎
༤༦ མིར་ཡམ་གྱིས་འདི་སྐད་དུ།
ང་ཡི་སེམས་ཀྱིས་གཙོ་བོར་བསྟོད༎
༤༧ དཀོན་མཆོག་སྐྱབས་ལ་ཡི་རང་ངོ་༎
༤༨ ཉིད་ཀྱི་གཡོག་མོ་དམའ་བར་གཟིགས༎
མི་རབས་ཀུན་གྱིས་ད་ཕྱིན་ཆད༎
ང་ལ་བདེ་ལེགས་བརྗོད་པར་འགྱུར༎
༤༩ ང་ཡི་ཕྱིར་དུ་ཀུན་དབང་གིས༎
ཁྱད་དུ་འཕགས་པའི་བྱ་བ་མཛད༎
ཁོང་གི་མཚན་ནི་དམ་པའོ༎
༥༠ ཁོང་ལ་འཇིགས་པའི་བུ་བརྒྱུད་ཐོག།
ཁོང་གི་ཐུགས་རྗེ་གནས་པར་འགྱུར༎
༥༡ ཁོང་གི་ཕྱག་གིས་མཐུ་སྟོབས་བསྟན༎
རང་མཐོང་ཅན་རྣམས་དེ་རང་གི།
བྱུས་ནང་ཁོང་གིས་གཏོར་བར་མཛད༎
༥༢ དབང་ཅན་ཁྲི་ལས་ཕབ་མཛད་ནས༎
དམའ་བ་མཐོ་སར་བཏེགས་པར་མཛད༎
༥༣ ལྟོགས་པར་བཟང་པོ་སྟེར་བར་མཛད༎
ཕྱུག་པོ་སྟོང་པར་བཏོན་པར་མཛད༎
༥༤-༥༥ ཨབ་ར་ཧམ་དང་དེའི་བརྒྱུད་པ༎
ངེད་ཀྱི་མེས་པོར་དུས་རྒྱུན་དུ༎
གསུངས་བཞིན་ཉིད་ཀྱི་སྙིང་རྗེ་ནི༎
ཐུགས་ལ་དྲན་ནས་ཉིད་ཀྱི་འབངས༎
ཨིས་ར་ཨེལ་ལ་གྲོགས་མཛད་དོ༎
༥༧ དེ་ནས་ཨེ་ལི་སཱ་བེད་ལ་དུས་རན་ནས་བུ་ཞིག་སྐྱེས། ༥༨ ཁྱིམ་མཚེས་དང་གཉེན་རྣམས་ཀྱིས་གཙོ་བོས་ཁོ་ལ་ཐུགས་རྗེ་ཆེན་པོ་མཛད་པ་ཐོས་ནས་ཡི་རངས་སོ། ༥༩ ཞག་བརྒྱད་པ་ལ་བྱིས་པའི་མདུན་ལྤགས་གཅོད་དུ་འོངས་ནས། དེ་ལ་ཕའི་མིང་ནས་དྲས་ཏེ་ཟ་ཀར་ཡཱ་ཞེས་བཏགས་སོ། ༦༠ མས་དེ་ལྟར་མིན་ཡོ་ཧ་ནན་ཞེས་འདོགས་པར་འགྱུར་རོ་སྨྲས། ༦༡ དེ་རྣམས་ཀྱིས། ཁྱེད་ཀྱི་གཉེན་རྣམས་སུ་ལའང་མིང་འདི་མེད་སྨྲས་སོ། ༦༢ མིང་ཅི་འདོགས་པར་འདོད་ཅེས་ཕ་ལ་ལག་བརྡ་བྱས་པ་དང་། ༦༣ དེས་སམ་ཊ་ཞིག་འཁྱེར་དུ་བཅུག་སྟེ། ཁོའི་མིང་ཡོ་ཧ་ནན་ཡིན་བྲིས་པ་དང་། ཐམས་ཅད་ངོ་མཚར་དུ་གྱུར་ཏོ། ༦༤ དེ་མ་ཐག་དེའི་ཁ་བྱེ་སྟེ་ལྕེ་གྲོལ་ནས། དཀོན་མཆོག་ལ་ངག་ནས་བསྟོད་བསྔགས་སོ། ༦༥ ཉེ་འཁོར་ན་གནས་པ་ཐམས་ཅད་བག་ཚ་བས་ཡ་ཧུ་དཱའི་རི་ཡུལ་ཡོངས་སུ་གཏམ་དེ་ཐམས་ཅད་དར་ཏེ། ༦༦ ཐོས་ཚད་ཀྱིས་སྙིང་ལ་གཅང་ནས། གཙོ་བོའི་ཕྱག་ཁོའི་ཐོག་ཏུ་ཡོད་པས་བྱིས་པ་འདི་ཅི་ཞིག་འབྱུང་བར་འགྱུར་སྨྲས་སོ༎
༦༧ ཕ་ཟ་ཀར་ཡཱར་དམ་པའི་ཐུགས་ཉིད་ཀྱིས་གང་ནས་འདི་སྐད་དུ།
༦༨ ཨིས་ར་ཨེལ་གྱི་དཀོན་མཆོག་གཙོ་བོར་བསྟོད༎
ཉིད་ཀྱི་མི་སྡེར་གཟིགས་ཏེ་ཐར་པ་གནང་༎
༦༩ སྔོན་གྱི་དུས་ནས་དམ་པའི་ལུང་སྟོན་པའི༎
ངག་གི་སྒོ་ནས་ཁོང་གིས་གསུངས་པ་ལྟར༎
༧༠ དགྲ་དང་སྡང་མཁན་ལག་ནས་ངེད་སྐྱབས་ཕྱིར༎
༧༡ ངེད་ཀྱི་མེས་པོར་སྙིང་རྗེ་མཛད་པ་དང་༎
༧༢ མེས་པོ་ཨབ་ར་ཧམ་ལ་མནའ་བཞེས་པའི༎
ཉིད་ཀྱི་དམ་པའི་ཞལ་ཆད་དྲན་པའི་ཕྱིར༎
༧༣-༧༤ ངེད་ཀྱི་དགྲ་ཡི་ལག་ལས་སྐྱབ་མཛད་དེ༎
ངེད་ཀྱི་ཚེ་གང་དམ་པ་བཟང་པོའི་ངང་༎
འཇིགས་པ་མེད་པར་ཁོང་ལ་མཆོད་ཕྱིར་དུ༎
༧༥ ཉིད་ཀྱི་བྲན་པོ་དཱ་བིད་ཕ་ཁང་ནང་༎
ངེད་དོན་ཐར་པའི་རྭ་ཅོ་སྒྲེང་བར་མཛད༎
༧༦ ངའི་བུ་ཁྱོད་ཀྱིས་དཀོན་མཆོག་གི་མི་སྡེར༎
༧༧ དཀོན་མཆོག་ཉིད་ཀྱི་བཀའ་དྲིན་ཆེན་པོ་ཡིས༎
སྡིག་བཤགས་གནང་བའི་ཐར་པའི་ངོ་སྤྲོད་ཕྱིར༎
གནམ་ནས་ཐུགས་རྗེའི་ཉི་མ་འཆར་བའི་ཚེ༎
༧༨ མུན་གྲིབ་འཆི་གྲིབ་སྡོད་པར་འོད་གཏང་ཕྱིར༎
ཞི་བདེའི་ལམ་ནང་རྐང་པ་འཇོག་པའི་ཕྱིར༎
༧༩ གཙོ་བོའི་ཕེབས་ལམ་བཤམ་ཕྱིར་སྔོན་འགྲོ་བས༎
བླ་ན་མེད་པའི་ལུང་དུ་སྟོན་པར་གྲགས༎