དེའི་ཚེ་རྒྱལ་པོ་ཆེན་པོ་ཨའུ་གུས་ཏུའི་དྲུང་ནས་འཇིག་རྟེན་ཡོངས་ཀྱི་མི་རྩིས་བྱེད་དགོས་པའི་བཀའ་ཐོན་ཏོ།  མི་རྩིས་ཐོག་མ་འདི་སི་རི་ཡཱའི་སྤྱི་ཁྱབ་ཏུ་ཀི་རི་ནུ་ཡོད་དུས་སུ་བྱུང་།  མི་ཐམས་ཅད་རང་གི་མིང་འབྲི་བའི་ཕྱིར་རང་རང་གི་ཕ་ཡུལ་དུ་སོང་ངོ་། ༤-༥ ཡོ་སེབ་་དཱ་བིད་ཀྱི་རྒྱལ་བརྒྱུད་ནས་ཡིན་པས། རང་དང་རང་གི་ཆུང་མ་མིར་ཡམ་མངལ་དང་ལྡན་པ་གཉིས་ཀྱི་མིང་འབྲི་བའི་ཕྱིར་དུ། ག་ལིལ་གྱི་གྲོང་ཁྱེར་ན་ཙཱ་རེད་ནས། ཡ་ཧུ་དཱ་རུ་དཱ་བིད་ཀྱི་གྲོང་ཁྱེར་བེད་ལེ་ཧེམ་དུ་སོང་ངོ་།  དེར་ཡོད་དུས་སུ་ལྟམ་དུས་རན་ནས།  སྲས་སྔོན་སྐྱེས་འཁྲུངས་ཏེ། འགྲུལ་ཁང་དུ་གནས་ས་མེད་པས། རས་ཀྱིས་བཏུམ་སྟེ་བྲེས་ཤིག་གི་ནང་དུ་བཞག་གོ།
 ཡུལ་འཁོར་དེ་ལ་ལུག་རྫི་རྣམས་ཐང་གར། མཚན་ལ་ལུག་ཁྱུ་སྲུང་གིན་བསྡད་ཡོད་པ་ལས།  གཙོ་བོའི་ཕོ་ཉ་མངོན་དུ་བྱུང་ནས། དེ་རྣམས་ཀྱི་ཕྱོགས་བཞིར་གཙོ་བོའི་གཟི་བརྗིད་སྣང་བས། ཤིན་ཏུ་འཇིགས་སྐྲགས་སོ། ༡༠ ཕོ་ཉས། མ་འཇིགས་ཤིག མི་སྡེ་ཡོངས་ཀྱི་ཕྱིར་ཡིན་པའི། དགའ་བ་ཆེན་པོའི་ཕྲིན་བཟང་པོ་ངས་ཁྱེད་ལ་འཆད་དོ། ༡༡ དེ་རིང་དཱ་བིད་ཀྱི་གྲོང་ཁྱེར་ན་ཁྱེད་ཀྱི་དོན་དུ་མཱ་ཤི་ཀ་གཙོ་བོ་ལགས་པའི་སྐྱབས་མགོན་འཁྲུངས། ༡༢ ཁོང་གི་རྟགས་འདི་ཡིན། ཁྱེའུ་ཆུང་བཏུམ་སྟེ་བྲེས་ནང་ཉལ་བ་ཞིག་མཇལ་འོང་། ཞེས་སྨྲས་སོ། ༡༣ གློ་བུར་དུ་ཕོ་ཉ་དེ་མཉམ་དུ་ནམ་མཁའི་དཔུང་ཚོགས་ཤིག་གིས། དཀོན་མཆོག་ལ་བསྟོད་ཅིང་འདི་སྐད་དུ། ༡༤ བླ་ན་མེད་པར་དཀོན་མཆོག་ལ་དཔལ་དང་། ས་གཞི་རུ་ཁོང་དགྱེས་པའི་མི་རྣམས་ལ་ཞི་བདེ་འབྱུང་བར་ཤོག་ཅིག་ཅེས་བརྗོད་དོ༎
༡༥ ཕོ་ཉ་རྣམས་དེ་ཚོའི་མདུན་ནས་ནམ་མཁར་སོང་བ་དང་། ལུག་རྫི་རྣམས་ཀྱིས་ཕན་ཚུན། གཙོ་བོས་ང་ཚོར་གསུངས་པའི་བྱ་བ་དེ་བལྟ་རུ་བེད་ལེ་ཧེམ་དུ་འགྲོའོ་ཟེར་ཏེ། ༡༦ མྱུར་དུ་སོང་ནས་མིར་ཡམ་དང་ཡོ་སེབ་དང་བྲེས་ནང་ཉལ་བའི་ཁྱེའུ་ཆུང་དེ་བརྙེད་ནས། ༡༧ མཇལ་ཏེ། ཁྱེའུ་ཆུང་འདིའི་སྐོར་ལ་གསུངས་པའི་གསུང་དེ་རྒྱས་བཅུག་ནས། ༡༨ ཐོས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། ༡༩ མིར་ཡམ་གྱིས་གང་བྱུང་བ་ཐམས་ཅད་བསམ་བློ་གཏོང་གིན་སྙིང་ལ་བཞག་གོ། ༢༠ གང་གསུངས་པ་བཞིན་དུ་ཐོས་ཤིང་མཐོང་བ་ཐམས་ཅད་ཀྱི་ཕྱིར་ལུག་རྫི་རྣམས་དཀོན་མཆོག་གི་དཔལ་དང་བསྟོད་པ་བརྗོད་ཅིང་ལོག་གོ།
༢༡ ཞག་བརྒྱད་ཚང་ནས། མདུན་ལྤགས་གཅོད་དུས་ལ། ཁོང་ལྷུམས་སུ་མ་ཆགས་པའི་སྔོན་དུ་ཕོ་ཉས་གསོལ་བ་བཞིན་དུ་མཚན་ལ་ཡེ་ཤུ་ཞེས་གསོལ་ཏོ༎
༢༢ མོ་ཤེའི་བཀའ་ཁྲིམས་བཞིན་དུ་གཙང་བའི་དུས་རན་པ་དང་། ༢༣ གཙོ་བོའི་བཀའ་ཁྲིམས་བཞིན་སྔོན་སྐྱེས་ཀྱི་བུ་ཐམས་ཅད་གཙོ་བོའི་ཕྱིར་དམ་པར་བརྩི་དགོས་པ་དང་། ༢༤ གཙོ་བོའི་བཀའ་ཁྲིམས་བཞིན་ཐི་བ་ཟུང་གཅིག་གམ་ཕུག་རོན་ཆུང་ངུ་གཉིས་མཆོད་པར་འབུལ་དགོས་གསུངས་པ་བཞིན་དུ། དེ་དག་གིས་ཡེ་རུ་ཤ་ལེམ་ལ་གཙོ་བོའི་སྐུ་དྲུང་དུ་ཁོང་འབུལ་ཕྱིར་གདན་དྲངས་སོ༎
༢༥ ཡེ་རུ་ཤ་ལེམ་ནང་ཤིམ་ཨོན་བྱ་བའི། མི་དྲང་པོ་དང་། ཆོས་པ་དང་། ཨིས་ར་ཨེལ་གྱི་སེམས་གསོ་ལ་སྒུག་པ་དང་། དམ་པའི་ཐུགས་ཉིད་དང་ལྡན་པ་ཞིག་ཡོད་དེ། ༢༦ དམ་པའི་ཐུགས་ཉིད་ཀྱིས་དེ་ལ། ཁྱོད་ཀྱིས་དཀོན་མཆོག་གི་མཱ་ཤི་ཀ་མ་མཇལ་བའི་བར་དུ་འཆི་བ་མི་མྱོང་ཞེས་མངོན་པར་མཛད་པས། ༢༧ ཐུགས་ཉིད་ཀྱིས་གང་སྟེ་མཆོད་ཁང་དུ་འོངས། ཡབ་ཡུམ་གཉིས་པོས་བཀའ་ཁྲིམས་ཀྱི་སྲོལ་སྒྲུབ་པའི་ཕྱིར། ཁྱེའུ་ཆུང་ཡེ་ཤུ་མཆོད་ཁང་ནང་དུ་འཁུར་འོངས་པའི་ཚེ། ༢༨ དེས་ཁོང་པང་དུ་ཞུས་ནས། དཀོན་མཆོག་ལ་བསྟོད་ཅིང་འདི་སྐད་དུ།
༢༩ ཀྱེ་ཇོ་བོ་ད་ཁྱེད་ཀྱི་བཀའ་བཞིན་དུ༎
ཁྱེད་ཀྱི་ཞབས་ཕྱི་ཞི་བདེར་འགྲོ་རུ་གནང་༎
༣༠-༣༡ ཁྱེད་ཀྱིས་མི་བརྒྱུད་མདུན་དུ་བཤམས་མཛད་པའི༎
ཁྱེད་ཀྱི་ཐར་པ་ང་ཡི་མིག་གིས་མཇལ༎
༣༢ ཁོང་ནི་ཕྱི་པར་མངོན་པའི་འོད་དང་ནི༎
མི་སྡེ་ཨིས་ར་ཨེལ་གྱི་དཔལ་ལགས་སོ༎
ཞེས་སྨྲས་སོ། ༣༣ ཡབ་ཡུམ་གཉིས་ཁོང་གི་སྐོར་དུ་སྨྲས་པ་ལ་ངོ་མཚར་དུ་གྱུར་ཏོ། ༣༤ ཤིམ་ཨོན་གྱིས་ཁོང་ཚོར་བྱིན་རླབས་གནང་ནས་ཡུམ་མིར་ཡམ་ལ། ཁྱེའུ་ཆུང་འདི་ནི་ཨིས་ར་ཨེལ་པ་མང་པོ་འགྱེལ་བ་དང་ལང་བའི་རྐྱེན་དང་། མང་པོས་རྒོལ་བའི་རྟགས་སུ་བཙུགས་པ་ཡིན། ༣༥ སྙིང་མང་པོའི་བསམ་པ་མངོན་པའི་ཕྱིར། ཁྱེད་ཀྱི་སྙིང་ལའང་རལ་གྲི་སྣུན་པར་འགྱུར། སྨྲས་སོ༎
༣༦ ཨ་ཤེར་གྱི་སྡེའི་ཕ་ནུ་ཨེལ་གྱི་བུ་མོ་ཤིན་ཏུ་རྒས་པའི་ཨན་ནཱ་བྱ་བའི་ལུང་སྟོན་མ་ཞིག་ཡོད་པ་ཡིན། ༣༧ ཁྱིམ་ཐབས་བྱས་ནས་ཁྱོ་མཉམ་ལོ་བདུན་བསྡད་ནས། ལོ་བརྒྱད་ཅུ་གྱ་བཞི་ལོན་པའི་བར་མོ་རེང་ལ་བསྡད་དེ། ཉིན་མཚན་མེད་པར་སྙུང་གནས་དང་སྨོན་ལམ་གྱིས་བསྙེན་བཀུར་བྱེད་ཅིང་མཆོད་ཁང་ནས་མ་བྲལ་ཏོ། ༣༨ དུས་ཚོད་དེ་རང་ལ་འོངས་ནས། དཀོན་མཆོག་ལ་གཏང་རག་ཕུལ་ཏེ། ཡེ་རུ་ཤ་ལེམ་གྱི་ཐར་པ་ལ་སྒུག་པ་ཐམས་ཅད་ལ་ཁོང་གི་སྐོར་དུ་སྨྲས་སོ༎
༣༩ གཙོ་བོའི་བཀའ་ཁྲིམས་བཞིན་དུ་ཐམས་ཅད་བསྒྲུབས་ནས། ག་ལིལ་དུ་ཉིད་ཀྱི་གྲོང་ཁྱེར་ན་ཙཱ་རེད་དུ་ལོག་ཕེབས་སོ། ༤༠ ཁྱེའུ་ཆུང་དེ་ཆེར་སྐྱེད་ཅིང་། སྟོབས་དང་ལྡན་ཏེ། མཁྱེན་རབ་ཀྱིས་གང་ནས། ཁོང་གི་ཐོག་ཏུ་དཀོན་མཆོག་གི་ཐུགས་རྗེ་ཡོད་དོ༎
༤༡ ལོ་རེ་བཞིན་པེ་སག་གི་དུས་ཆེན་ལ་ཡབ་ཡུམ་ཡེ་རུ་ཤ་ལེམ་དུ་ཕེབས་སོ། ༤༢ ཁོང་དགུང་ལོ་བཅུ་གཉིས་ལོན་ནས། ལུགས་སྲོལ་བཞིན་དུ་ཁོང་ཚོ་དེར་ཕེབས་སོ། ༤༣ དུས་ཆེན་ཐོན་ཏེ་ཕྱིར་ལོག་སྐབས། ཁྱེའུ་ཡེ་ཤུ་ཡེ་རུ་ཤ་ལེམ་ལ་རྒྱབ་ཏུ་ལུས་ཀྱང་ཡབ་ཡུམ་གྱིས་མ་མཁྱེན་ཏོ། ༤༤ ལམ་གྲོགས་ཚོའི་ཁྲོད་ན་ཡོད་དོ་བསམས་ཏེ། ཉིན་ལམ་གཅིག་ཕྱིན་ནས། གཉེན་དང་ངོ་ཤེས་རྣམས་ཀྱི་ཁྲོད་ན་བཙལ་ཏོ། ༤༥ མ་ཐོབ་པ་དང་ཁོང་འཚོལ་ཞིང་ཡེ་རུ་ཤ་ལེམ་དུ་ལོག་སྟེ། ༤༦ ཞག་གསུམ་གྱི་རྗེས་སུ་ཁོང་ནི་མཆོད་ཁང་ནང་སློབ་དཔོན་རྣམས་ཀྱི་དཀྱིལ་དུ་བཞུགས་ཏེ། དེ་དག་ལས་ཆོས་གསན་ཞིང་བཀའ་འདྲི་མཛད་པ་མཇལ་ཏོ། ༤༧ ཁོང་གི་མཁྱེན་རྒྱ་དང་བཀའ་ལན་ཐོས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། ༤༨ ཁོང་མཇལ་ནས་ཡ་མཚན་དུ་གྱུར་ཏེ། ཡུམ་གྱིས་ཁོང་ལ། བུ། ཅི་ལ་ང་ཚོར་འདི་ལྟར་བྱས། ཁྱོད་ཀྱི་ཕ་དང་ངས་སེམས་འཁྲུགས་ཤིང་ཁྱོད་བཙལ་བ་ཡིན། ཞུས་པ་དང་། ༤༩ ཁོང་གིས་ང་ཅི་ལ་བཙལ་བ་ཡིན། ང་ནི་ངའི་ཡབ་ཀྱི་ཁང་པར་ཡོད་དགོས་པ་མི་ཤེས་སམ། གསུངས་ཀྱང་། ༥༠ དེ་དག་གིས་དེ་མ་གོའོ། ༥༡ ཁོང་དེ་དག་དང་མཉམ་དུ་འཐོན་ནས་ན་ཙཱ་རེད་དུ་ཕེབས་སོ། ཡབ་ཡུམ་གྱི་འབངས་བྱེད་ཅིང་བཞུགས་སོ། ཡབ་ཡུམ་གྱིས་བྱ་བ་དེ་ཐམས་ཅད་ཡིད་ལ་བཞག་གོ། ༥༢ ཡེ་ཤུ་མཁྱེན་རབ་དང་། སྐུ་གཟུགས་དང་། དཀོན་མཆོག་དང་མི་གཉིས་ཀའི་སྙིང་དུ་སྡུག་པའི་ནང་ཆེར་སྐྱེད་དོ༎