༣
རྒྱལ་པོ་ཆེན་པོཏི་བེར་ཡུས་སྲིད་བྱེད་པའི་ལོ་བཅོ་ལྔ་པར། པོན་ཏིའུ་པི་ལ་ཏུ། ཡ་ཧུ་དཱའི་སྤྱི་ཁྱབ་དང་། ཧེ་རོ་དཱེ་་ག་ལིལ་ཡུལ་གྱི་ལྗོང་དཔོན་དང་། དེའི་ནུ་བོ་ཕི་ལིབ་ནི་ཨི་ཏུ་ར་ཡཱ་དང་ཏྲ་ཀོ་ནི་ཏིའི་ལྗོངས་དཔོན་དང་། ལི་སན་ཡཱ། ཨ་བི་ལེ་ནེའི་ལྗོངས་དཔོན་དང་། ༢ ཨན་ནཱ་དང་ཀ་ཡ་ཕཱ་བླ་ཆེན་ལ་ཡོད་དུས་སུ། ཟ་ཀར་ཡཱའི་བུ་ཡོ་ཧ་ནན་ལ་འབྲོག་སྟོང་ནང་དཀོན་མཆོག་གི་བཀའ་བྱུང་བས། ༣ ཡོར་དན་ཆུ་བོའི་མཐའ་འཁོར་གྱི་ལྗོངས་ཐམས་ཅད་ལ་ཕེབས་ཏེ། སྡིག་པ་སེལ་བའི་དོན་དུ། འགྱོད་ཚངས་ཀྱི་ཁྲུས་ཀྱི་ཆོས་བཤད་དོ། ༤ ལུང་སྟོན་པ་ཡེ་ཤ་ཡཱའི་མདོ་ན།འབྲོག་སྟོང་ནང་གི་སྐད་དེ་ཡིས༎
གཙོ་བོའི་གཤེགས་ལམ་བྱོས་ཤིག་དང་༎
ཁོང་གི་ཕེབས་ལམ་སྲོང་ཞིག་ཟེར༎
༥ ལུང་པ་ཐམས་ཅད་བཀང་འགྱུར་ཞིང་༎
རི་དང་སྒང་རྣམས་ཕབ་པར་འགྱུར༎
ལམ་ཀྱོག་ཅན་ནི་སྲོང་བར་འགྱུར༎
རྩུབ་པ་ཐམས་ཅད་སྙོམ་པར་འགྱུར༎
༦ དེ་ཡི་རྗེས་སུ་དཀོན་མཆོག་གི།
ཐར་པ་མི་ཡིས་མཐོང་བར་འགྱུར༎
ཞེས་བྲིས་པ་བཞིན་ནོ། ༧ ཁྲུས་ལེན་དུ་འོང་བའི་མི་ཚོགས་ལ་ཁོང་གིས། དུག་སྦྲུལ་གྱི་བརྒྱུད་ཁྱོད། འོང་བའི་ཐུགས་ཁྲོ་ལས་ཁྱོད་ཚོ་འབྲོས་པ་སུས་བསྟན། ༨ འགྱོད་ཚངས་དང་མཚུངས་པའི་འབྲས་བུ་སྐྱེད་ཅིག ཨབ་ར་ཧམ་ང་ཚོའི་ཡབ་ཡིན་མ་སེམས་ཤིག ངས་ཁྱོད་ལ་ཟེར། དཀོན་མཆོག་གིས་རྡོ་འདི་རྣམས་ནས་ཨབ་ར་ཧམ་ལ་བུ་བརྒྱུད་སྐྱེད་པར་ནུས། ༩ ད་ཤིང་སྡོང་རྣམས་ཀྱི་རྩ་བར་སྟ་རེ་བཞག་ཡོད་པས། འབྲས་བུ་བཟང་པོ་མི་སྐྱེད་པ་རེ་རེ་བཅད་དེ་མེ་ལ་འདེབས་སོ་གསུངས་པ་དང་། ༡༠ མི་ཚོགས་ཀྱིས་ཁོང་ལ། འོ་ན་ང་ཚོས་ཅི་བྱ་ཞུས། ༡༡ ཁོང་གིས་ལན་དུ། གོས་གཉིས་ཡོད་པ་དེས་མེད་མཁན་ལ་བགོས་ནས་སྦྱིན་ཞིག ཟ་རྒྱུ་ཡོད་པས་ཀྱང་དེ་བཞིན་དུ་བྱོས་ཤིག་གསུངས་སོ། ༡༢ ཤོ་གམ་པའང་འོངས་ནས་ཁྲུས་བླངས་ཏེ་ཁོང་ལ། སྟོན་པ་ང་ཚོས་ཅི་བྱ་ཞུས་པ་དང་། ༡༣ ཁོང་གིས། ལེན་དགོས་པ་ལས་ལྷག་མ་ལེན་ཞིག་གསུངས་སོ། ༡༤ དམག་མིས་ཀྱང་ཁོང་ལ། ང་ཚོས་ཅི་བྱ་ཞུས་པས་ཁོང་གིས། དབང་དང་སྙད་ཀྱིས་སུ་ཡང་མ་ཕྲོག ཕོག་ལ་ཆོག་ཤེས་གྱིས་ཤིག་གསུངས་སོ༎
༡༥ མི་སྡེ་མཱ་ཤི་ཀ་ལ་སྒུག་ཅིང་ཡོད་པས། ཐམས་ཅད་ཀྱི་སྙིང་ནང་ཡོ་ཧ་ནན་ནི་དེ་མ་ཡིན་ནམ་བསམས་པ་དང་། ༡༦ ཡོ་ཧ་ནན་གྱིས་མི་ཚོགས་ལ། ངས་ཁྱོད་ཚོ་ལ་ཆུའི་ཁྲུས་གཏོང་གིས། ང་ལས་མཐུ་སྟོབས་ཆེ་བ་དེ་ཕེབས་སོ། ང་ཁོང་གི་ཞབས་ལྷམ་གྱི་སྒྲོག་བུ་སྒྲོལ་དུའང་འོས་མ་ཡིན། ཁོང་གིས་ཁྱེད་ཚོར་དམ་པའི་ཐུགས་ཉིད་དང་མེའི་ཁྲུས་གསོལ་བར་འགྱུར་རོ། ༡༧ ཁོང་རང་གི་གཡུལ་ཁ་ལ་བྱི་དོར་མཛད་པ་དང་། གྲོ་བང་མཛོད་དུ་བསྡུ་ཕྱིར་ཕྱག་ན་འབྲབ་གཞོང་ཡོད། ཕུབ་མ་ནི་འཆི་བ་མེད་པའི་མེས་སྲེག་པར་འགྱུར་གསུངས་སོ། ༡༨ དེ་འདྲ་བའི་ཞལ་གདམས་མང་པོ་མཛད་ཅིང་། མི་སྡེ་ལ་ཕྲིན་བཟང་བཤད་དོ། ༡༩ ལྗོངས་དཔོན་ཧེ་རོ་དཱེས། གང་ལ་ཡོ་ཧ་ནན་གྱི་ཞལ་ནས་ཁོའི་ནུ་བོའི་ཆུང་མ་ཧེ་རོད་ཡཱའི་སྐོར་དང་། ཧེ་རོ་དཱེས་བྱས་པའི་ལས་ངན་ཐམས་ཅད་ཀྱི་ཕྱིར་བཀའ་བཀྱོན་བྱུང་། ༢༠ ལས་ངན་གྱི་སྣོན་མར་ཡོ་ཧ་ནན་བཙོན་དུ་བཅུག་གོ།
༢༡ མི་ཐམས་ཅད་ལ་ཁྲུས་གཏོང་བའི་ཚེ། ཡེ་ཤུ་ལའང་སྐུ་ཁྲུས་གསོལ་ནས། སྨོན་ལམ་འདེབས་པ་དང་། ནམ་མཁའ་བྱེས་ཏེ། ༢༢ དམ་པའི་ཐུགས་ཉིད་གཟུགས་དང་ལྡན་ཅིང་ཕུག་རོན་ལྟར་ཁོང་གི་སྟེང་དུ་བབས་ནས། ནམ་མཁའ་ནས་སྒྲ་ཞིག་གིས། ཁྱེད་ནི་ང་རབ་ཏུ་དགའ་བའི་ངའི་སྲས་གཅིག་པོ་ཡིན་གསུངས་སོ༎
༢༣ ཡེ་ཤུས་ཐོག་མར་རང་གི་མཛད་འཕྲིན་གཞན་ལ་མངོན་པའི་ཚེ་དགུང་ལོ་སུམ་ཅུ་ཙམ་ཡོད་དོ། མི་རྣམས་ཀྱི་སྣང་ངོར་ཡོ་སེབ་ཀྱི་བུ་ཡིན་པ་དང་། དེ་ནི་ཨེ་ལིའི་བུ། ༢༤ དེ་མད་ཐད་ཀྱི་བུ། དེ་ལེ་ཝིའི་བུ། དེ་མེལ་ཀིའི་བུ། དེ་ཡན་ནཱའི་བུ། དེ་ཡོ་སེབ་ཀྱི་བུ། ༢༥ དེ་མད་ཐིད་ཡཱའི་བུ། དེ་ཨ་མོས་ཀྱི་བུ། དེ་ན་ཧུམ་གྱི་བུ། དེ་ཨེས་ལིའི་བུ། དེ་ནག་གཱའི་བུ། ༢༦ དེ་མ་ཨད་ཀྱི་བུ། དེ་མད་ཐིད་ཡཱའི་བུ། དེ་སེ་མེའི་བུ། དེ་ཡོ་སེག་གི་བུ། དེ་ཡུ་དཱའི་བུ། ༢༧ དེ་ཡོ་ཧན་ནཱ་གྱི་བུ། དེ་རེ་སཱའི་བུ། དེ་ཟེ་རུབ་བཱ་བེལ་གྱི་བུ། དེ་ཤ་ཨལ་ཏི་ཨེལ་གྱི་བུ། དེ་ནེ་རིའི་བུ། ༢༨ དེ་མེལ་ཀིའི་བུ། དེ་ཨད་དཱིའི་བུ། དེ་ཀོ་སམ་གྱི་བུ། དེ་ཨེལ་མ་དམ་གྱི་བུ། དེ་ཨེར་གྱི་བུ། ༢༩ དེ་ཡོ་སེའི་བུ། དེ་ཨེ་ལི་ཨེ་ཟེར་གྱི་བུ། དེ་ཡོ་རིམ་གྱི་བུ། དེ་མད་ཐད་ཀྱི་བུ། དེ་ལེ་ཝིའི་བུ། ༣༠ དེ་ཤིམ་ཨོན་གྱི་བུ། དེ་ཡུ་དཱའི་བུ། དེ་ཡོ་སེབ་ཀྱི་བུ། དེ་ཡོ་ནམ་གྱི་བུ། དེ་ཨེལ་ཡཱ་ཀིམ་གྱི་བུ། ༣༡ དེ་མེ་ལི་ཨའི་བུ། དེ་མན་ནཱའི་བུ། དེ་མད་ཏ་ཐཱའི་བུ། དེ་ནཱ་ཐན་གྱི་བུ། དེ་དཱ་བིད་ཀྱི་བུ། ༣༢ དེ་ཨི་ཤཱའི་བུ། དེ་ཨོ་བེད་ཀྱི་བུ། དེ་བོ་ཨས་ཀྱི་བུ། དེ་སལ་མོན་གྱི་བུ། དེ་ན་ཧ་ཤོན་གྱི་བུ། ༣༣ དེ་ཨ་མི་ནཱ་དབ་ཀྱི་བུ། དེ་ཨ་རམ་གྱི་བུ། དེ་ཧེས་རོན་གྱི་བུ། དེ་ཕེ་རེས་ཀྱི་བུ། དེ་ཡུ་དཱའི་བུ། ༣༤ དེ་ཡ་ཀོབ་ཀྱི་བུ། དེ་ཨི་སཱག་གི་བུ། དེ་ཨབ་ར་ཧམ་གྱི་བུ། དེ་ཐ་རཱའི་བུ། དེ་ན་ཧོར་གྱི་བུ། ༣༥ དེ་སེ་རུག་གི་བུ། དེ་རེ་གུའི་བུ། དེ་ཕེ་ལེག་གི་བུ། དེ་ཨེ་བེར་གྱི་བུ། དེ་ཤ་ལཱའི་བུ། ༣༦ དེ་ཀེ་ནན་གྱི་བུ། དེ་ཨར་ཕག་ཤད་ཀྱི་བུ། དེ་ཤེམ་གྱི་བུ། དེ་ནོ་ཨའི་བུ། དེ་ལ་མེག་གི་བུ། ༣༧ དེ་མ་ཐུ་ཤ་ལཱའི་བུ། དེ་ཧེ་ནོག་གི་བུ། དེ་ཡ་རེད་ཀྱི་བུ། དེ་མ་ལལ་ཨེལ་གྱི་བུ། དེ་ཀེ་ནན་གྱི་བུ། ༣༨ དེ་ཨེ་ནོས་ཀྱི་བུ། དེ་ཤེད་ཀྱི་བུ། དེ་ཨ་དམ་གྱི་བུ། དེ་དཀོན་མཆོག་གི་སྲས་སོ༎