༤
ཡེ་ཤུ་དམ་པའི་ཐུགས་ཉིད་ཀྱིས་གང་སྟེ། ཆུ་བོ་ཡོར་དན་ནས་ཕྱིར་ཕེབས་པ་དང་། ཐུགས་ཉིད་ཀྱིས་ཞག་བཞི་བཅུའི་བར་དུ་འབྲོག་སྟོང་དུ་ཁྲིད་དོ། ༢ བདུད་ཀྱིས་ཁོང་གི་ཐུགས་སད་དོ། དེ་ཙ་ན་ཁོང་གིས་གསོལ་བ་ཅིའང་མ་བཞེས་པས། ཞག་ཚང་བ་དང་བཀྲེས་སོ། ༣ བདུད་ཀྱིས་ཁོང་ལ། དཀོན་མཆོག་གི་སྲས་ཡིན་ན། རྡོ་འདི་བག་ལེབ་ཏུ་འགྱུར་བའི་བཀའ་གནོང་ཞིག་ཞུས་པ་དང་། ༤ ཡེ་ཤུས་བཀའ་ལན་དུ། མདོ་ན་མི་ནི་བག་ལེབ་གཅིག་པུས་མི་འཚོ་ཞེས་བྲིས་འདུག་གསུངས་སོ༎༥ དེ་ནས་མཐོན་པོར་ཁྲིད་དེ། འཇིག་རྟེན་གྱི་རྒྱལ་ཁམས་ཐམས་ཅད་ལྷན་ཅིག་ཏུ་བསྟན་ཏེ། ༦ བདུད་ཀྱིས། འདི་ཐམས་ཅད་ཀྱི་དབང་དང་དཔལ་ངའི་ལག་ཏུ་ཡོད་ཅིང་། ངས་སུ་ལ་དགའ་བ་དེ་ལ་གཏོང་བས། ཁྱེད་ལ་འབུལ་བར་བྱའོ། ༧ གལ་ཏེ་ཁྱེད་ཀྱིས་ང་ལ་ཕྱག་འཚལ་ན། ཐམས་ཅད་ཁྱེད་ཀྱི་ཡིན་པར་འགྱུར་རོ་ཞུས་སོ། ༨ ཡེ་ཤུས་བཀའ་ལན་དུ། རང་གི་དཀོན་མཆོག་གཙོ་བོ་ལ་ཕྱག་འཚལ་ཞིང་། ཁོང་འབའ་ཞིག་ལ་བཀུར་སྟི་བྱོས་ཤིག་ཅེས་བྲིས་འདུག་གསུངས་སོ༎
༩ དེ་ནས་ཁོང་ཡེ་རུ་ཤ་ལེམ་ལ་ཁྲིད་དེ་མཆོད་ཁང་གི་དབུ་རྩེར་བཞག་ནས་ཁོང་ལ། ༡༠-༡༡ ཁྱེད་ནི་སྲུང་ཕྱིར་ཕོ་ཉར་བཀའ་སྩལ་ཞིང་། རྡོ་ལ་ཁྱེད་ཀྱི་ཞབས་ནི་མི་ཕོག་ཕྱིར། དེ་ཚོའི་ལག་པར་ཁྱེད་ནི་འཁུར་བར་འགྱུར། ཞེས་བྲིས་པས། ཁྱེད་དཀོན་མཆོག་གི་སྲས་ཡིན་ན། འདི་ནས་མར་ལྕེབ་པར་མཛོད་ཞུས་པ་དང་།
༡༢ ཡེ་ཤུས་བཀའ་ལན་དུ། རང་གི་དཀོན་མཆོག་གཙོ་བོའི་ཐུགས་མ་སད་ཅིག་ཅེས་པའི་གསུང་ཡང་འདུག་གསུངས་སོ། ༡༣ བདུད་ཀྱིས་ཐུགས་སད་ཟིན་པ་དང་། རེ་ཞིག་ཁོང་ལས་བྲལ་ཏོ༎
༡༤ ཡེ་ཤུ་ཐུགས་ཉིད་ཀྱི་མཐུ་དང་ལྡན་ཏེ། ག་ལིལ་ཡུལ་དུ་ཕྱིར་ལོག་ཕེབས་པ་དང་། ཡུལ་འཁོར་ཡོངས་སུ་ཁོང་གི་སྙན་གྲགས་ཁྱབ་བོ། ༡༥ འདུ་ཁང་རྣམས་ཀྱི་ནང་གསུང་ཆོས་བསྟན་པས་ཐམས་ཅད་ཀྱིས་ཁོང་ལ་བསྟོད་དོ༎
༡༦ ཡེ་ཤུ་སྐྱེད་སྲིངས་པའི་ན་ཙཱ་རེད་དུ་བྱོན་ནས་དུས་རྒྱུན་ལྟར། ཤབ་བཱད་ཀྱི་ཞག་ལ་འདུ་ཁང་དུ་ཕེབས་ཏེ། ཆོས་ཀློག་ཏུ་བཞེངས་པ་ལས། ༡༧ ལུང་སྟོན་པ་ཡེ་ཤ་ཡཱའི་མདོ་ཕུལ་ནས། ཁོང་གིས་མདོ་ཕྱེས་ནས་འདི་ལྟར།
༡༨ གཙོ་བོའི་ཐུགས་ཉིད་ང་ཡི་སྟེང་ལ་གནས༎
དབུལ་ཕོངས་རྣམས་ལ་ཕྲིན་བཟང་སྒྲོག་ཕྱིར་དུ༎
ཁོང་གིས་ང་ལ་སྣུམ་གྱིས་བྱུགས་མཛད་དོ༎
བཙོན་པར་སྒྲོལ་དང་ལོང་བར་མིག་དང་ནི༎
མནན་པ་བཏང་བའི་འཕྲིན་བཟང་སྒྲོག་ཕྱིར་དང་༎
༡༩ གཙོ་བོའི་ཐུགས་རྗེའི་ནམ་ལོ་སྒྲོག་ཕྱིར་མངགས༎
ཞེས་བྲིས་ཡོད་པའི་མཚམས་བརྙེད་དོ༎
༢༠ བཀླགས་ནས་མདོ་བསྒྲིལ་ཏེ། ཞབས་ཏོག་པ་ལ་སྩལ་ནས་བཞུགས་པ་དང་། འདུ་ཁང་ན་ཡོད་པ་ཐམས་ཅད་ཀྱིས་ཁོང་ལ་མིག་ཅེར་རེ་ལྟ་ཞིང་། ༢༡ ཁོང་གིས། དེ་རིང་ཁྱེད་ཀྱིས་རྣ་བས་ཐོས་སར་གསུང་འདི་གྲུབ་བོ་གསུངས་སོ། ༢༢ ཐམས་ཅད་ཀྱིས་ཁོང་ལ་བསྔགས་ཤིང་། ཁོང་གི་ཞལ་ནས་ཐོན་པའི་གསུང་སྙན་པོར་ངོ་མཚར་དུ་གྱུར་ནས། ཡོ་སེབ་ཀྱི་བུ་དེ་མ་ཡིན་ནམ་ཞེས་ཕན་ཚུན་སྨྲས་སོ། ༢༣ ཁོང་གིས་འདི་སྐད་དུ། ཁྱེད་ཀྱིས་ང་ལ་ཨམ་ཆི་ཁྱོད་རང་གསོས་ཤིག་ཞེས་པའི་གཏམ་དཔེ་ང་ལ་སྦྱར་ཞིང་། ང་ཚོས་ཐོས་པའི་ཀ་ཕར་ནཱ་ཧུམ་དུ་བྱུང་བ། རང་གི་ཕ་ཡུལ་འདི་རུའང་བྱོས་ཤིག་ཟེར་ཡོང་ལས་ཆེ། ༢༤ ལུང་སྟོན་པ་སུ་ལའང་རང་གི་ཡུལ་དུ་བཀུར་སྟི་མི་འབྱུང་ཞེས་ངས་ཁྱེད་ལ་བདེན་པར་ཟེར། ༢༥ ཨེ་ལི་ཡཱའི་དུས་སུ་ལོ་གསུམ་དང་ཟླ་བ་དྲུག་གནམ་གྱི་ཆར་པ་ཆད་དེ། ས་གཞི་ཡོངས་ལ་མུ་གེ་ཆེན་པོ་བྱུང་བའི་ཚེ། ཨིས་ར་ཨེལ་གྱི་ནང་མོ་རེང་མ་མང་པོ་ཡོད་ཀྱང་། ༢༦ དེ་རྣམས་ཀྱི་རྩར་ཨེ་ལི་ཡཱ་མ་གནང་བར། ཚི་དོན་གྱི་གྲོང་ཁྱེར་ཚར་ཕད་ཀྱི་མོ་རེང་མའི་རྩར་གནང་ངོ་། ༢༧ ལུང་སྟོན་པ་ཨེ་ལི་ཤཱའི་དུས་སུ། ཨིས་ར་ཨེལ་གྱི་ནང་ན་མཛེ་ཅན་མང་པོ་ཡོད་ཀྱང་། དེ་རྣམས་གཙང་མར་མ་མཛད་པར། སི་རི་ཡཱ་པ་ན་ཨ་མཱན་གཙང་བར་མཛད་པ་བདེན་པ་ཡིན་གསུངས་སོ། ༢༨ གསུང་འདི་རྣམས་ཐོས་ནས་འདུ་ཁང་ན་ཡོད་པ་ཐམས་ཅད་ཤིན་ཏུ་ཁྲོས་ནས། ༢༩ ལངས་ཏེ་ཁོང་གྲོང་ཁྱེར་ནས་བཏོན་ནས། གཡང་ལ་གཏང་ཕྱིར་གྲོང་ཁྱེར་ཆགས་ཡོད་པའི་རི་ཟུར་དུ་ཁྱེར་ཏོ། ༣༠ འོན་ཀྱང་ཁོང་དེ་རྣམས་ཀྱི་དཀྱིལ་ནས་བཞུད་ཅིང་ཕེབས་སོ༎
༣༡ ཁོང་ག་ལིལ་གྱི་གྲོང་ཁྱེར་ཀ་ཕར་ནཱ་ཧུམ་དུ་བྱོན་པ་ལས། ཤབ་བཱད་ཀྱི་ཞག་ལ་མི་རྣམས་ལ་ཆོས་བསྟན་ཏོ། ༣༢ ཁོང་གི་བཀའ་དབང་དང་ལྡན་པས། ཁོང་གི་བསྟན་པ་ལ་ངོ་མཚར་དུ་གྱུར་ཏོ། ༣༣ འདུ་ཁང་ནང་འགོང་ཞུགས་ཤིག་ཡོད་དེ། དེས་སྐད་ཆེན་པོས། ༣༤ ཀྱེ་ན་ཙཱ་རེད་པ་ཡེ་ཤུ། ཁྱེད་དང་ང་ཚོར་འབྲེལ་བ་ཅི། ང་ཚོ་མེད་པར་མཛད་དུ་ཕེབས་སམ། ཁྱེད་སུ་ཡིན་ངས་ཤེས། ཁྱེད་དཀོན་མཆོག་གི་དམ་པ་དེ་ལགས་ཞུས་སོ། ༣༥ ཡེ་ཤུས་བཀའ་བཀྱོན་མཛད་ཅིང་དེ་ལ། ཁ་རོག ཁོའི་ནང་ནས་ཐོན་ཞེས་བཀའ་བསྒོ་བ་དང་། འགོང་པོས་མི་དེ་མི་ཚོགས་ཀྱི་དཀྱིལ་དུ་བརྡབས་ནས། གནོད་པ་མ་བྱས་པར་འཐོན་སོང་ངོ་། ༣༦ ཐམས་ཅད་ངོ་མཚར་དུ་གྱུར་ཏེ་ཕན་ཚུན་སྨྲས་པ། བཀའ་འདི་ཅི་ཡིན། དབང་དང་མཐུ་ཡིས་འགོང་པོ་ལ་བཀའ་གནང་ཞིང་། དེ་རྣམས་འཐོན་འགྲོའོ། ༣༧ དེ་ནས་ཁོང་གི་མཚན་གྲགས་ཡུལ་འཁོར་ཐམས་ཅད་ནང་ཁྱབ་བོ༎
༣༨ འདུ་ཁང་ནས་བཞེངས་ཏེ་ཤི་མོན་གྱི་ཁྱིམ་དུ་ཕེབས་སོ། ཤི་མོན་གྱི་སྒྱུག་མོ་ལ་ཚ་བའི་ནད་ལྕི་བ་ཡོད་པས། དེའི་དོན་དུ་ཁོང་ལ་ཞུས་པ་དང་། ༣༩ མོའི་རྩར་བཞེངས་ནས་ཚ་བའི་ནད་ལ་བཀའ་བཀྱོན་མཛད་པས། ཚ་བ་དྭངས་ནས། དེ་མ་ཐག་མོ་ལངས་ནས་ཞབས་ཕྱི་ཞུས་སོ། ༤༠ ཉི་མ་ནུབ་དུས་སུ་ནད་རིགས་སོ་སོའི་ནད་པ་ཐམས་ཅད་ཁོང་གི་དྲུང་དུ་དྲངས་པ་དང་། རེ་རེ་ལ་ཕྱག་བཞག་ནས་གསོ་བར་མཛད་དོ། ༤༡ འགོང་པོ་རྣམས་ཀྱང་སྐད་ཆེན་པོས། ཁྱེད་དཀོན་མཆོག་གི་སྲས་ལགས། ཞུ་ཞིང་མང་པོའི་ནང་ནས་ཐོན་སོང་ངོ་དེ་རྣམས་ཀྱིས་ཁོང་མཱ་ཤི་ཀ་ཡིན་པ་ཤེས་པས་བཀའ་བཀྱོན་གནང་ཞིང་ལབ་ཏུ་མ་གནང་ངོ་༎