དཀོན་མཆོག་གི་བཀའ་ཉན་པའི་ཕྱིར་མི་ཚོགས་འཚང་བའི་ཚེ། ཁོང་གེ་ནེ་སཱ་རེད་མཚོ་འགྲམ་ན་མཆིས་ཤིང་།  མཚོ་འགྲམ་ན་གྲུ་གཉིས་གཟིགས་སོ། ཉ་པ་ནི་གྲུ་ནས་ཐོན་ཏེ་ཉ་དོལ་འཁྲུ་ཞིང་ཡོད་དོ།  ཤི་མོན་གྱི་ཡིན་པའི་གྲུའི་ནང་ཕེབས་ནས་དེ་ལ། སྐམ་ས་ནས་ཅུང་ཟད་ཕར་ཁྱེར་དུ་གསུངས་ནས། གདན་ཆགས་ཏེ་གྲུའི་ནང་ནས་མི་ཚོགས་ལ་ཆོས་བསྟན་ཏོ།  གསུང་འཕྲོ་ཟིན་པ་དང་ཤི་མོན་ལ། གཏིང་ཟབ་སར་ཁྱེར་ལ་ཉ་འཛིན་ཕྱིར་ཉ་དོལ་ཐོང་ཞིག་གསུངས་སོ།  ཤི་མོན་གྱིས། ཇོ་བོ། མཚན་གང་དཀའ་ལས་བྱས་ཀྱང་ཅང་མ་བཟུང་། ད་ཁྱེད་ཀྱིས་གསུངས་པས་གཏང་ངོ་ཞུས་ནས། ༦-༧ དེ་ལྟར་བཏང་བས་ཉའི་ཚོགས་ཆེན་པོ་ཞིག་དགར་ནས། ཉ་དོལ་ཆད་པ་ལ་ཐུག་པས། གྲུ་གཞན་གྱི་གྲོགས་པོ་རྣམས་ལ་རོགས་བྱེད་པའི་བརྡ་བཏང་ནས། དེ་རྣམས་འོངས་ཏེ། གྲུ་གཉིས་པོ་ནུབ་པ་ཙམ་བཀང་ངོ་།  ཤི་མོན་པེ་ཏྲོས་དེ་མཐོང་བས་ཡེ་ཤུའི་ཞབས་ལ་འཐམ་ནས། ཀྱེ་ཇོ་བོ། ང་སྡིག་ཅན་ཡིན་པས། ངའི་རྩ་ནས་ཕར་ཕེབས་ཤིག་ཞུས་སོ།  ཁོ་དང་ཁོ་མཉམ་དུ་ཡོད་པ་ཐམས་ཅད་ཉ་ཚོགས་བཟུང་བ་དེ་མཐོང་ནས། ངོ་མཚར་དུ་གྱུར་ཏེ། ༡༠ ཤི་མོན་གྱི་གྲོགས་པོ་ཟེ་བད་ཡཱའི་བུ་ཡ་ཀོབ་དང་ཡོ་ཧ་ནན་ཡང་དེ་ལྟར་གྱུར་ཏོ། ཡེ་ཤུས་ཤི་མོན་ལ། མ་འཇིགས་ཤིག ཕྱིན་ཆད་ཁྱོད་ཀྱིས་མི་རྣམས་གཟུང་འོང་གསུངས་སོ། ༡༡ གྲུ་རྣམས་མཚོ་འགྲམ་ལ་བཏང་ནས་ཐམས་ཅད་སྤངས་ཏེ་ཁོང་གི་ཞབས་རྗེས་ལ་འབྲངས་སོ༎
༡༢ ཁོང་གྲོང་ཁྱེར་ཞིག་ནང་བཞུགས་པའི་ཚེ། མཛེ་ཡིས་གང་བའི་མི་ཞིག་གིས་མཇལ་བ་དང་། ལུས་ས་ལ་བརྡབས་ནས། ཇོ་བོ་ལགས། ཐུགས་མཉེས་ན་ང་གཙང་བར་མཛད་ནུས་སོ་ཞེས་ཞུས་སོ། ༡༣ ཡེ་ཤུས་ཕྱག་བརྐྱངས་ཏེ། ཁོ་ལ་རེག་ནས། ང་འདོད་དོ། གཙང་བར་གྱུར་ཅིག་གསུངས་པ་དང་། མཛེ་དག་གོ། ༡༤ ཁོང་གིས་དེ་ལ། སོང་ལ། དག་པར་གྱུར་པ་མི་རྣམས་ཀྱིས་ཤེས་པའི་ཕྱིར་རང་གི་ལུས་མཆོད་བཤོམས་པར་བསྟན་ནས། མོ་ཤེས་བཀའ་གནང་བ་དེ་ཕུལ་ཞིག་བྱ་བ་དེ་སུ་ལའང་མ་འཆད་ཅེས་ཅི་ཙམ་བཀའ་སྩལ་པ། ༡༥ དེ་ཙམ་གྱིས་ཁོང་གི་སྙན་གྲགས་དར་བས། མི་ཚོགས་རྣམས་ཁོང་གི་གསུང་ལ་ཉན་པ་དང་། ནད་གསོ་ཕྱིར་འདུས་སོ། ༡༦ ཁོང་ནི་དབེན་པར་ཐུགས་དམ་ལ་བཞུགས་སོ༎
༡༧ ཞག་གཅིག་ཁོང་གིས་ཆོས་སྟོན་པའི་ཚེ། ག་ལིལ་དང་ཡ་ཧུ་དཱའི་ཡུལ་ཚོ་རྣམས་དང་ཡེ་རུ་ཤ་ལེམ་ནས་འོངས་པའི་ཕ་རུ་ཤི་པ་དང་བཀའ་ཁྲིམས་ཀྱི་སྟོན་པ་བསྡད་ཡོད་པ་ཡིན། ཡེ་ཤུ་ནད་རྣམས་སེལ་བའི་ཕྱིར་གཙོ་བོའི་ཐུགས་དང་ལྡན་པས། ༡༨ མི་འགས་གཟའ་ཕོག་གཅིག་ཉལ་ཁྲིའི་ཁར་འཁུར་ཏེ། ནང་དུ་ཁོང་གི་དྲུང་དུ་འཇོག་པའི་ཐབས་བཙལ་ཡང་། ༡༩ མི་ཚོགས་མང་རྐྱེན་གྱིས། ནང་དུ་ཁྱེར་བའི་ལམ་མ་ཐོབ། ཐོག་ཁར་འཛེགས་ཏེ་ཐོག་ཤུས་ནས་མི་དེ་ཉལ་ཁྲི་དང་བཅས་མི་ཚོགས་ཀྱི་དཀྱིལ་དུ་ཡེ་ཤུའི་དྲུང་དུ་ཕབ་བོ། ༢༠ དེ་རྣམས་ཀྱི་ཡིད་ཆེས་ལ་གཟིགས་ནས་གཟའ་ཕོག་ལ། མི་ཕོ་ཁྱོད་ཀྱི་སྡིག་པ་སེལ་ཟིན་གསུངས་སོ། ༢༡ མཁན་པོ་དང་ཕ་རུ་ཤི་པ་རྣམས་ཀྱིས། སྐུར་པ་འདེབས་མཁན་འདི་སུ་ཡིན། དཀོན་མཆོག་གཅིག་པོས་མ་གཏོགས་སུས་སྡིག་པ་སེལ་ཐུབ་ཅེས་བསམས་པ་དང་། ༢༢ ཡེ་ཤུས་དེ་མཁྱེན་ནས་དེ་རྣམས་ལ། སྙིང་ནང་ཅི་སེམས། ༢༣ ཁྱོད་ཀྱི་སྡིག་པ་སེལ་ཟིན་ཟེར་བ་སླ་འམ། ལངས་ཏེ་འགྲུལ་ཟེར་བ་སླ། ༢༤ འོན་ཀྱང་མིའི་བུ་ལ་འཇིག་རྟེན་དུ་སྡིག་པ་སེལ་བའི་དབང་ཡོད་པ། ཁྱོད་ཚོས་ཤེས་པའི་ཕྱིར། ཞེས་གསུངས་ནས་གཟའ་ཕོག་དེ་ལ། ངས་ཁྱོད་ལ་ཟེར། ལོངས་ལ། ཉལ་ཁྲི་འཁུར་ནས་ཁྱིམ་དུ་སོང་ཞིག་གསུངས་སོ། ༢༥ དེ་མ་ཐག་ཁོ་དེ་ཚོའི་མདུན་དུ་ལངས་ཏེ་ཉལ་ཁྲི་ཁུར་ནས། དཀོན་མཆོག་ལ་བསྟོད་ཅིང་ཁྱིམ་དུ་སོང་ངོ་། ༢༦ ཐམས་ཅད་ངོ་མཚར་དུ་གྱུར་ཏེ། དཀོན་མཆོག་ལ་བསྟོད་དོ། བག་ཚ་ཞིང་། དེ་རིང་ཁྱད་མཚར་ཞིག་མཐོང་བྱུང་སྨྲས་སོ༎
༢༧ དེའི་རྗེས་སུ་ཁོང་ཕྱིར་ཕེབས་ནས། ལེ་ཝི་བྱ་བའི་ཤོ་གམ་པ་ཤོ་ཁྲལ་ལེན་སར་བསྡད་ཡོད་པར་གཟིགས་ཏེ་དེ་ལ། ངའི་ཕྱག་ཕྱིར་འབྲོང་ཞིག་གསུངས་པ་དང་། ༢༨ དེས་ཐམས་ཅད་སྤངས་ཏེ། ལངས་ནས་ཁོང་གི་ཕྱི་བཞིན་འབྲངས་སོ། ༢༩ ལེ་ཝིས་རང་གི་ཁྱིམ་དུ་ཁོང་ལ་མགྲོན་ཆེན་པོ་ཕུལ་ནས། ཁོང་རྣམས་དང་མཉམ་དུ་ཤོ་གམ་པ་དང་གཞན་མི་ཚོགས་ཀྱིས་ཀྱང་ཟོས་སོ། ༣༠ ཕ་རུ་ཤི་པ་དང་མཁན་པོ་རྣམས་ཀྱིས་ཉེ་གནས་རྣམས་ལ་ཟུར་ཟ་ཞིང་། ཤོ་གམ་པ་དང་སྡིག་ཅན་དང་མཉམ་དུ་ཅི་ལ་ཟ་ཞིང་འཐུང་ཟེར་བ་དང་། ༣༡ ཡེ་ཤུས་བཀའ་ལན་དུ། ཨམ་ཆི་ནི་ཁམས་བཟང་ལ་མི་དགོས་ཀྱི། ནད་པ་ལ་དགོས་སོ། ༣༢ ང་ནི་བཟང་པོ་རྣམས་འབོད་དུ་མ་འོངས་ཀྱིས། སྡིག་ཅན་རྣམས་འགྱོད་ཚངས་ཕྱིར་འབོད་དུ་འོངས་པ་ཡིན་གསུངས་སོ༎
༣༣ དེ་རྣམས་ཀྱིས་ཁོང་ལ། ཡོ་ཧ་ནན་གྱི་སློབ་མས་ལན་དུ་མར་སྨྱུང་གནས་སྲུང་ཞིང་སྨོན་ལམ་འདེབས་སོ། ཕ་རུ་ཤི་པའི་སློབ་མས་ཀྱང་དེ་བཞིན་བྱེད། ཁྱེད་ཀྱི་ཉེ་གནས་ཀྱིས་ཟ་ཞིང་འཐུང་ངོ་ཞུས། ༣༤ ཡེ་ཤུས། མག་པ་མཉམ་དུ་ཡོད་རིང་ལ་གྲོགས་པོ་རྣམས་སྨྱུང་གནས་སྲུང་དུ་འཇུག་གམ། ༣༥ མག་པ་དང་འབྲལ་བའི་དུས་བསླེབ་འོང་། དེའི་ཚེ་སྨྱུང་གནས་སྲུང་འོང་གསུངས་སོ། ༣༦ དཔེ་གཞན་ཡང་བསྟན་པར་མཛད་ནས། སུས་ཀྱང་གོས་གསར་པ་ནས་ལྷན་པ་ཞིག་བཏུབས་ཏེ། གོས་རྙིང་པར་མི་རྒྱབ། རྒྱབ་ན་གོས་གསར་པའང་རལ་ཞིང་། ལྷན་པ་གསར་པ་དེ་གོས་རྙིང་པ་ལ་མཛེས་པར་མི་འགྱུར་རོ། ༣༧ སུས་ཀྱང་རྒུན་ཆང་གསར་པ་རྐྱལ་པ་རྙིང་པའི་ནང་དུ་མི་བླུག བླུག་ན་ཆང་གསར་པས་རྐྱལ་པ་གས་ཏེ། ཆང་ཡང་འབོ། རྐྱལ་པའང་ཞིག་གོ། ༣༨ རྒུན་ཆང་གསར་པ་རྐྱལ་པ་གསར་པའི་ནང་བླུག་དགོས་སོ། ༣༩ རྒུན་ཆང་རྙིང་པ་བཏུང་བ་སུས་ཀྱང་གསར་པ་མི་འདོད། རྙིང་པ་དེ་ལེགས་སོ་ཟེར་རོ། ཞེས་གསུངས་སོ༎