༦
ཤབ་བཱད་ཅིག་ལ་ཁོང་ཞིང་ག་རྒྱུད་དེ་ཕེབས་པ་ལས། ཉེ་གནས་རྣམས་ཀྱིས་སྲུས་གཏོག་སྟེ་ལག་པའི་ནང་མཉེས་ནས་ཟོས་སོ། ༢ ཕ་རུ་ཤི་པ་འགས། ཤབ་བཱད་ཀྱི་ཞག་ལ་བྱེད་མི་ཆོག་པ་དེ་ཅི་ལ་བྱེད་སྨྲས་པས། ༣ ཡེ་ཤུས་བཀའ་ལན་དུ། དཱ་བིད་དང་འཁོར་རྣམས་ལྟོགས་དུས་སུ་ཅི་བྱས་པ་མ་བཀླགས་སམ། ༤ དཀོན་མཆོག་གི་ཕོ་བྲང་ནང་ཞུགས་ཏེ། བླ་མས་མིན་པ་གཞན་གྱིས་ཟ་མི་ཆོག་པའི་ཞལ་ཟས་བླངས་ནས་ཟོས་ཏེ། འཁོར་ལའང་མ་བྱིན་ནམ། ༥ མིའི་བུ་ནི་ཤབ་བཱད་ཀྱི་གཙོ་བོ་ཡིན་གསུངས་སོ༎༦ ཡང་ཤབ་བཱད་ཅིག་ལ་ཁོང་འདུ་ཁང་ལ་ཕེབས་ཏེ་ཆོས་བསྟན་ཏོ། དེར་ལག་པ་གཡས་པ་བསྐམས་པའི་མི་ཞིག་ཡོད་དེ། ༧ མཁན་པོ་དང་ཕ་རུ་ཤི་པ་རྣམས་ཀྱིས་ཡེ་ཤུ་ལ་སྙད་འཛུག་པའི་ཕྱིར། ཤབ་བཱད་ཀྱི་ཞག་ལ་ནད་གསོ་འམ་མི་གསོ་བལྟས་སོ། ༨ དེ་ཚོའི་བསམ་པ་མཁྱེན་ནས། མི་ལག་པ་སྐམ་པོ་དེ་ལ། འདིར་ཤོག་ལ་དཀྱིལ་དུ་ལོངས་ཤིག་གསུངས་པ་དང་། ཁོ་དཀྱིལ་དུ་ལངས་སོ། ༩ ཡེ་ཤུས་དེ་ཚོར། ཤབ་བཱད་ཀྱི་ཞག་ལ་བཟང་པོ་བྱེད་ཆོག་གམ་ངན་པ་བྱེད་ཆོག་སྲོག་སྐྱོབ་ཆོག་གམ་གཅོད་ཆོག་ངས་ཁྱེད་ལ་འདྲི་གསུངས་ནས། ༡༠ འཁོར་ཡོད་པ་རྣམས་ལ་གཟིགས་ནས་མི་དེ་ལ་ལག་པ་རྐྱོངས་གསུངས་པས། བརྐྱངས་ཏེ་ལག་པ་སོས་སོ། ༡༡ དེ་ཚོ་ཤིན་ཏུ་ཁྲོས་ནས། ཡེ་ཤུ་ལ་ཅི་བྱེད་པར་བྱ་ཞེས་བགྲོས་སོ༎
༡༢ དུས་དེའི་ཚེ། ཁོང་ཐུགས་དམ་གྱི་ཕྱིར་རིར་ཕེབས་ནས། མཚན་གང་དཀོན་མཆོག་ལ་སྨོན་ལམ་བཏབ་བོ། ༡༣ སྔ་དྲོ་ཉེ་གནས་རྣམས་བོས་ནས། བཅུ་གཉིས་འདམས་ནས་མིང་ལ་སྐུ་ཚབ་བཏགས་སོ། ༡༤ ཁོང་གིས་པེ་ཏྲོར་བཏགས་པའི་ཤི་མོན་དང་། དེའི་ནུ་བོ་ཨན་དྲེ་ཨ་དང་། ཡ་ཀོབ་དང་། ཡོ་ཧ་ནན་དང་། ཕི་ལིབ་དང་། བར་ཐོལ་མཱ་དང་། ༡༥ མད་ཐཱ་དང་། ཐོ་མཱ་དང་། ཨལ་ཕཱའི་བུ་ཡ་ཀོབ་དང་། ཟེ་ལོ་ཏེ་བྱ་བའི་ཤི་མོན་དང་། ༡༦ ཡ་ཀོབ་ཀྱི་བུ་ཡུ་དཱ་དང་། ངོ་ལོག་བྱས་པའི་ཀར་ཡོད་པ་ཡུ་དཱ་དང་བཅུ་གཉིས་སོ༎
༡༧ དེ་རྣམས་དང་མཉམ་རི་ལས་མར་ཕེབས་ནས། ས་ཆ་མཉམ་པ་ཞིག་ལ་ཉེ་གནས་ཀྱི་ཚོགས་ཆེན་པོ་དང་། གསུང་ལ་ཉན་ཕྱིར་དང་། ནད་ལས་ཐར་ཕྱིར་ཡ་ཧུ་དཱ་ཡོངས་དང་། ཡེ་རུ་ཤ་ལེམ་དང་། ཚོར་དང་ཚི་དོན་གྱི་རྒྱ་མཚོའི་འགྲམ་ནས་འོངས་པའི་མི་ཚོགས་ཆེན་པོ་དང་མཉམ་དུ་བཞུགས་སོ། ༡༨ འགོང་ཞུགས་རྣམས་ཀྱང་སོས་སོ། ༡༩ ཁོང་ལས་མཐུ་བྱུང་ཞིང་ཐམས་ཅད་སོས་པས། མི་ཚོགས་ཀྱིས་ཁོང་ལ་རེག་པར་འདོད་དོ༎
༢༠ ཉེ་གནས་རྣམས་ལ་སྤྱན་ཡར་བཏེགས་ཤིང་གཟིགས་ནས། ཁྱེད་དབུལ་པོ་རྣམས་བདེའོ། དཀོན་མཆོག་གི་རྒྱལ་སྲིད་ཁྱེད་ཀྱི་ཡིན་ནོ། ༢༡ ཁྱེད་ད་ལྟ་ལྟོགས་པ་རྣམས་བདེའོ། ཁྱེད་ཚིམ་པར་འགྱུར་རོ། ཁྱེད་ད་ལྟ་ངུ་བ་རྣམས་བདེའོ། ཁྱེད་དགོད་པར་འགྱུར་རོ། ༢༢ ཁྱེད་ཅག་ལ་མིའི་བུའི་དོན་དུ་མི་རྣམས་ཀྱིས་སྡང་ཞིང་། མི་སྲེ་ཞིང་། སྨད་ཅིང་། ཁྱེད་ཀྱི་མིང་བཙོག་པ་ལྟར་སྤང་ན་ཁྱེད་བདེའོ། ༢༣ ནམ་མཁའ་རུ་ཁྱེད་ལ་རྔན་པ་ཆེན་པོ་ཡོད་པས། ཉིན་མོ་དེ་ལ་དགའ་ཞིང་མཆོངས་ཤིག དེའི་མེས་པོ་རྣམས་ཀྱིས་ལུང་སྟོན་པ་རྣམས་ལ་དེ་ལྟར་བྱས་སོ། ༢༤ འོན་ཀྱང་ཁྱེད་ཕྱུག་པོ་རྣམས་སྙིང་རེ་རྗེ། ཁྱོད་ལ་སེམས་གསོ་ཐོབ་ཟིན། ༢༥ ཁྱེད་ད་ལྟ་ཚིམ་པ་རྣམས་སྙིང་རེ་རྗེ། ཁྱེད་ལྟོགས་པར་འགྱུར་རོ། ཁྱེད་ད་ལྟ་དགོད་པ་སྙིང་རེ་རྗེ། མྱ་ངན་བྱེད་ཅིང་ངུ་བར་འགྱུར། ༢༦ མི་ཀུན་གྱིས་ཁྱེད་ལ་བསྟོད་ན་སྙིང་རེ་རྗེ། དེའི་མེས་པོ་རྣམས་ཀྱིས་ལུང་སྟོན་པ་རྫུས་མ་རྣམས་ལ་དེ་ལྟར་བྱས་སོ༎
༢༧ ཁྱེད་ཉན་མཁན་རྣམས་ལ་ངས་འདི་ལྟར་ཟེར། དགྲ་ལ་བྱམས་པ་བྱོས། སྡང་བ་རྣམས་ལ་བཟང་པོ་བྱོས། ༢༨ ཁྱེད་ལ་དམོད་པ་རྣམས་ལ་བྱིན་རླབས་ཐོང་། ཁྱེད་ལ་གཤེ་བ་རྣམས་ཀྱི་དོན་དུ་སྨོན་ལམ་ཐོབ། ༢༩ ཁྱེད་ཀྱི་འགྲམ་པ་ཡ་གཅིག་ལ་འགྲམ་ལྕག་བརྒྱབ་མཁན་ལ་གཞན་ཡ་གཅིག་ཀྱང་སྟོན། སུས་ཁྱེད་ཀྱི་ཕྱུ་པ་འཁྱེར་ན། སྟོད་ཐུང་ཡང་འཁྱེར་བ་ལས་མ་འགེགས་ཤིག ༣༠ ཁྱེད་ལས་སློང་བ་ཐམས་ཅད་ལ་སྟེར། སུས་ཁྱེད་ཀྱི་ནོར་ཁྱེར་ན་མ་རྩོད་ཅིག ༣༡ གཞན་ལས་ཇི་ལྟར་འདོད་པ། དེ་ཀ་བཞིན་དུ་གཞན་ལ་བྱོས་ཤིག ༣༢ ཁྱེད་ལ་བྱམས་མཁན་ལ་བྱམས་ན། ཁྱོད་ཀྱིས་ཧ་ལས་ཆེ་བ་ཅི་བྱས། སྡིག་ཅན་གྱིས་ཀྱང་བྱམས་མཁན་ལ་བྱམས་སོ། ༣༣ ཁྱེད་ལ་ཕན་མཁན་ལ་ཕན་ན། ཧ་ལས་ཆེ་བ་ཅི་བྱས། སྡིག་ཅན་གྱིས་ཀྱང་དེ་ལྟར་བྱེད་དོ། ༣༤ ཁྱེད་ལ་ཐོབ་པའི་རེ་བ་ཡོད་དེ་སྐྱི་ན། ཧ་ལས་ཆེ་བ་ཅི་བྱས། སྡིག་ཅན་གྱིས་ཀྱང་སྡིག་ཅན་ལ་ཚབ་ཐོབ་ཕྱིར་སྐྱིའོ། ༣༥ དགྲ་ལ་བྱམས་པ་བྱེད་ཅིང་ཕན་ཐོགས་ཤིག ལན་ལ་མི་རེ་བར་སྐྱིས་ཤིག་དང་། ཁྱེད་ཀྱི་རྔན་པ་ཆེ་སྟེ། དྲིན་མི་ཤེས་པ་དང་ངན་པ་ལའང་བླ་ན་མེད་པའི་དཀོན་མཆོག་བཀའ་དྲིན་ཅན་ཡིན་པས། ཁྱེད་ཁོང་གི་སྲས་སུ་འགྱུར་འོང་། ༣༦ ཁྱེད་ཀྱི་ཡབ་སྙིང་རྗེ་ཅན་ཡིན་པ་ལྟར། ཁྱེད་ཀྱང་སྙིང་རྗེ་ཅན་དུ་གྱུར་ཅིག
༣༧ མཚང་མ་འབྲུ། ཁྱེད་ལའང་མཚང་མི་འབྲུ། གཤགས་མ་འདེབས། ཁྱེད་ལའང་གཤགས་མི་འདེབས། བཟོད་པ་སྐྱེད་ཅིག ཁྱེད་ལའང་བཟོད་པ་སྐྱེད་པར་འགྱུར། ༣༨ སྟེར་ཞིག་ཁྱེད་ལའང་སྟེར་བར་འགྱུར། ཁྱེད་ཀྱིས་གང་འཇལ་བའི་བྲེ་དེ་ཀས་ཁྱེད་ལའང་འཇལ་བར་འགྱུར་བས། བྲེ་བཟང་པོ་མནན་ཏེ་སྤྲུགས་ནས་བྱུར་བུར་གང་བ་ཁྱེད་ཀྱི་ཐུ་བར་བླུག་འོང་གསུངས་སོ། ༣༩ ཁོང་གིས་དེ་རྣམས་ལ་དཔེ་ཞིག་ཀྱང་གསུངས་པ། ལོང་བས་ལོང་བ་འཁྲིད་ཐུབ་བམ། གཉིས་ཀ་དོང་ནང་མི་ལྟུང་ངམ། ༤༠ སློབ་དཔོན་ལས་སློབ་མ་མི་ཆེ་ནའང་། ཡོན་ཏན་མཐར་ཕྱིན་ནས་སློབ་དཔོན་དང་འདྲ་བར་འགྱུར། ༤༡ སྤུན་གྱི་མིག་ན་སྦུར་མ་མཐོང་ཡང་། རང་གི་མིག་གི་གདུང་མ་མི་ཚོར་བ་ཅི་ཡིན། ༤༢ རང་གི་མིག་ན་གདུང་མ་མི་མཐོང་བར། སྤུན་ལ། ཁྱོད་ཀྱི་མིག་གི་སྦུར་མ་དེ་ང་ལ་འདོན་དུ་ཆུག་ཅེས་ཅི་ལྟར་ཟེར་ཐུབ། ཁ་ཆོས་པ་ཁྱོད་སྔོན་ལ་རང་གི་མིག་ནས་གདུང་མ་ཕྱུངས་ཤིག དེ་ནས་སྤུན་གྱི་མིག་གི་སྦུར་མ་གསལ་པོར་མཐོང་ནས་འདོན་ཐུབ་འོང་།
༤༣ འབྲས་བུ་ངན་པ་སྐྱེད་པའི་རྩི་ཤིང་བཟང་པོ་མེད། འབྲས་བུ་བཟང་པོ་སྐྱེད་པའི་རྩི་ཤིང་ངན་པ་མེད་དེ། ༤༤ རྩི་ཤིང་རེ་རེའི་བཟང་ངན་འབྲས་བུ་ལས་ཤེས་སོ། ཚེར་མ་ལས་སེ་ཡབ་མི་འབྱུང་། ལྗང་ཚེར་ལས་རྒུན་འབྲུམ་མི་འབྱུང་། ༤༥ སྙིང་གི་ནང་ནས་ལུད་པ་དེ་ཁ་ནས་འཐོན་པས། བཟང་པོས་སྙིང་གི་མཛོད་བཟང་པོ་ནས་བཟང་པོ་འདོན། ངན་པས་མཛོད་ངན་པ་ནས་ངན་པ་འདོན་ནོ༎
༤༦ ངས་སྨྲས་པ་བཞིན་དུ་མི་བྱེད་པར་ང་ལ། གཙོ་བོ་ལགས། གཙོ་བོ་ལགས་ཅི་ལ་ཟེར། ༤༧ ངའི་རྩར་འོངས་ནས་ངའི་བཀའ་ཐོས་ཏེ་དེ་བཞིན་དུ་བྱེད་མཁན་སུ་འདྲ་ཞིག་ཡིན་ངས་ཟེར་ན། ༤༨ ཁང་པ་རྩིག་ཕྱིར་ས་གཏིང་རིང་བྲུས་ནས། བྲག་གི་ཁར་རྩིག་རྨང་བཏིང་མཁན་དང་འདྲའོ། ཆུ་ལོག་བྱུང་ནས་ཆུའི་ཤུགས་ཁང་པ་དེ་ལ་ཕོག་ཀྱང་བརྟན་པོར་བརྩིགས་པས་མ་གཡོས་སོ། ༤༩ འོན་ཀྱང་ངའི་བཀའ་ཐོས་ནས་མི་བྱེད་མཁན་ནི། རྨང་མ་འབྲུ་བར་སའི་ཁར་ཁང་པ་བརྩིགས་མཁན་དང་འདྲའོ། ཆུའི་ཤུགས་ཁང་པ་དེ་ལ་ཕོག་པ་ཙམ་གྱིས་བརྡིབས་ནས། རྩ་བ་ནས་བརླགས་སོ་ཞེས་གདམས་སོ༎