ཁོང་གིས་མི་ཚོགས་ཀྱི་ཐོས་སར་ཞལ་གདམས་རྣམས་གསུངས་ཟིན་པའི་འོག་ཏུ། ཀ་ཕར་ནཱ་ཧུམ་དུ་ཕེབས་སོ།  བརྒྱ་དཔོན་ཞིག་གི་གཡོག་པོ་གཅེས་པ་ནད་ཀྱིས་མནར་ནས་འཆི་བ་ལ་ཐུག་པས།  ཡེ་ཤུའི་སྙན་གྲགས་ཐོས་ནས། ཁོའི་གཡོག་པོ་གསོ་བར་མཛད་ཕྱིར། ཡ་ཧུ་དཱ་པའི་རྒན་པོ་རེ་ཁོང་གི་དྲུང་དུ་གདན་འདྲེན་པར་བཏང་སྟེ། ༤-༥ དེ་རྣམས་བསླེབས་ནས་ཁོང་ལ། ཁོ་ང་ཚོའི་མི་བརྒྱུད་ལ་བྱམས་ཤིང་། ང་ཚོའི་འདུ་ཁང་ཡང་ཁོས་བརྩིགས་པས། ཁྱེད་ཀྱིས་ཁོ་ལ་དེ་ལྟར་མཛད་འོས་སོ་ཞེས་ནན་གྱིས་ཞུས་པས།  ཡེ་ཤུ་མཉམ་དུ་ཕེབས་ཏེ། ཁོའི་ཁང་པ་དང་ཉེ་བར་བྱོན་པ་དང་བརྒྱ་དཔོན་གྱིས་གྲོགས་པོ་རེ་བཏང་ནས་ཁོང་ལ། ཇོ་བོ་ལགས། འོ་བརྒྱལ་མ་མཛད་པར་ཁྱེད་ང་ལྟ་བུའི་ཐོག་འོག་ཏུ་ཕེབས་པར་མི་འོས་པ་མ་ཟད།  ང་རང་ཁྱེད་ཀྱི་དྲུང་དུ་བཅར་བར་མི་འོས་བསམ་མོ། བཀའ་ཙམ་ཞིག་གནོང་དང་། ངའི་གཡོག་པོ་གསོ་བར་འགྱུར་རོ།  ང་གཞན་གྱི་དབང་འོག་ཏུ་ཡོད་ནའང་། ངའི་འོག་ལའང་དམག་མི་ཡོད། གཅིག་ལ་སོང་ཟེར་ན་འགྲོ། གཅིག་ལ་ཤོག་ཟེར་ན་འོང་། གཡོག་པོ་ལ་ལས་འདི་བྱོས་ཟེར་ན་བྱེད་དོ་ཞེས་ཞུས་སོ།  ཡེ་ཤུས་དེ་གསན་ནས། ཁོ་ལ་ངོ་མཚར་དུ་གྱུར་ནས། འཁོར་རྣམས་ལ་ཞལ་བསྒྱུར་ནས། ཨིས་ར་ཨེལ་གྱི་ནང་ནའང་འདི་འདྲ་བའི་དད་སེམས་མ་བརྙེད་ངས་བདེན་པ་ཟེར་གསུངས་སོ། ༡༠ བཏང་བའི་མི་རྣམས་ཁང་པར་ལོག་བསླེབས་དུས། གཡོག་པོ་སོས་ཡོད་པར་མཐོང་ངོ་༎
༡༡ རིང་པོར་མ་ལོན་པར་ན་ཨེན་བྱ་བའི་གྲོང་ཁྱེར་དུ་ཕེབས། ཉེ་གནས་དང་མི་ཚོགས་ཕྱག་ཕྱིར་སོང་ངོ་། ༡༢ གྲོང་ཁྱེར་གྱི་རྒྱལ་སྒོ་དང་ཉེ་བར་ཕེབས་པའི་ཚེ། མོ་རེང་མོ་ཞིག་གི་བུ་གཅིག་པུ་ཡིན་པའི་རོ་འཁྱེར་ཞིང་། མོ་དང་མཉམ་དུ་གྲོང་ཁྱེར་གྱི་མི་མང་པོ་ཡོད་དོ། ༡༣ གཙོ་བོས་མོ་གཟིགས་ནས། སྙིང་རྗེ་འཁྲུངས་ཏེ། མ་ངུ་ཞིག་གསུངས་ནས། ༡༤ ཉེ་བར་ཕེབས་ཏེ། རོ་སྒམ་ལ་ཕྱག་རེག་པ་དང་། འཁུར་མཁན་རྣམས་བསྡད་དོ། ཁོང་གིས། ཀྱེ་གཞོན་ནུ། ངས་ཁྱོད་ལ་ལོངས་ཤིག་ཟེར་ཞེས་གསུངས་པས། ༡༥ ཤི་མཁན་དེ་ལངས་ནས་སྨྲ་བ་ལ་ཞུགས་ཏེ། ཁོང་གིས་བུ་དེ་མ་ལ་གནང་ངོ་། ༡༦ ཐམས་ཅད་ཀྱིས་འཇིགས་ནས་ལུང་སྟོན་པ་ཆེན་པོ་ཞིག་ང་ཚོའི་དབུས་སུ་བཞེངས། དཀོན་མཆོག་གིས་ཉིད་ཀྱི་མི་སྡེ་ལ་གཟིགས་སོ་ཟེར་ཞིང་། དཀོན་མཆོག་ལ་བསྟོད་དོ། ༡༧ ཁོང་གི་སྐོར་ལ་ལོ་རྒྱུས་འདི་ཡ་ཧུ་དཱ་ཡོངས་དང་། ཡུལ་འཁོར་ཀུན་ཏུ་ཁྱབ་བོ༎
༡༨ ཡོ་ཧ་ནན་ལ་འདི་ཐམས་ཅད་ཁོང་རང་གི་སློབ་མ་རྣམས་ཀྱིས་བཤད་པ་དང་། ༡༩ ཁོང་གི་སློབ་མ་གཉིས་བོས་ཏེ། འབྱོན་པར་འགྱུར་བ་དེ་ཁྱེད་ལགས་སམ། གཞན་ཞིག་ལ་སྒུག་པར་བྱ་ཞེས་གཙོ་བོ་ལ་ཞུ་རུ་བཏང་ངོ་། ༢༠ དེ་གཉིས་ཁོང་གི་དྲུང་དུ་བསླེབས་ཏེ་ཁོང་ལ་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་ང་གཉིས་ཁྱེད་ཀྱི་དྲུང་དུ་འདི་ཞུ་རུ་བཏང་བས་འབྱོན་པར་འགྱུར་བ་དེ་ཁྱེད་ལགས་སམ། གཞན་ཞིག་ལ་སྒུག་པར་བྱ་ཞེས་ཞུས་སོ། ༢༡ དུས་ཚོད་དེ་རང་ལ་ཁོང་གིས་མི་མང་པོ་ནད་དང་། གཟུག་ཟེར་དང་། འགོང་པོ་ལས་གསོ་བར་མཛད་དེ། ལོང་བ་མང་པོའི་མིག་འབྱེད་པར་མཛད་ཅིང་། ༢༢ དེ་གཉིས་ལ་བཀའ་ལན་དུ། སོང་ལ། ཁྱེད་ཀྱིས་ཇི་ཐོས་པ་དང་མཐོང་བ། ལོང་བས་མཐོང་བ། ཞ་བོ་འགྲུལ་བ། མཛེ་ཅན་དག་པ། འོན་པས་ཐོས་པ། ཤི་མཁན་ལང་བ། དབུལ་པོས་ཕྲིན་བཟང་ཐོས་པ་རྣམས་ཡོ་ཧ་ནན་ལ་ཤོད་ཅིག ༢༣ ངའི་རྐྱེན་གྱིས་དད་པ་མི་ཉམས་པ་རྣམས་བདེའོ་ཞེས་གསུངས་སོ༎
༢༤ ཡོ་ཧ་ནན་གྱི་བང་ཆེན་སོང་བའི་འོག་ཏུ། ཡེ་ཤུས་མི་ཚོགས་ལ་ཡོ་ཧ་ནན་གྱི་སྐོར་ལ་འདི་སྐད་དུ། ཁྱེད་ཐང་སྟོང་ནང་ཅི་ཞིག་ལ་ལྟ་རུ་སོང་། རླུང་གིས་སྐྱོད་པའི་འདམ་བུ་ཞིག་ལ་ལྟ་རུ་སོང་ངམ། ༢༥ འོ་ན་ཅི་ཞིག་ལ་ལྟ་རུ་སོང་། གོས་འཇམ་པོ་གོན་པ་ཞིག་ལ་ལྟ་རུ་སོང་ངམ། གོས་ཟབ་མོ་གོན་ཏེ། ལོངས་སྤྱོད་ནང་གནས་པ་རྣམས་ནི། རྒྱལ་པོའི་ཕོ་བྲང་ནང་ཡོད་དོ། ༢༦ འོ་ན་ཅི་ལ་ལྟ་རུ་སོང་། ལུང་སྟོན་པ་ཞིག་ལ་ལྟ་རུ་སོང་ངམ། ལུང་སྟོན་པ་ལས་ལྷག་པ་ཞིག་ལ་ལྟ་རུ་སོང་ངོ་ཞེས་ངས་ཟེར།
༢༧ ཁྱེད་ཀྱི་སྔོན་དུ་ང་ཡི་ཕོ་ཉ་གཏོང་༎
དེ་ཡིས་ཁྱེད་ཀྱི་སྔོན་དུ་ཕེབས་ལམ་བཟོ༎
ཞེས་བྲིས་པ་ཁོང་གི་སྐོར་དུ་ཡིན། ༢༨ བུད་མེད་ལས་སྐྱེས་མཁན་ཐམས་ཅད་ཀྱི་ནང་ནས། ཡོ་ཧ་ནན་ལས་ཆེ་བ་གཅིག་ཀྱང་མེད། འོན་ཀྱང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ནང་ན་ཆུང་ཤོས་དེ་ཁོང་ལས་ཆེའོ་ཞེས་ངས་བདེན་པར་ཟེར་གསུངས་སོ། ༢༩ ཡོ་ཧ་ནན་གྱི་ཁྲུས་ཐོབ་པའི་མི་སྡེ་དང་ཤོ་གམ་པ་རྣམས་ཀྱིས་ཐོས་ནས་དཀོན་མཆོག་གི་དྲང་བ་ཉིད་ཀྱི་མངོན་རྟགས་ཕྲོད་དོ༎
༣༠ འོན་ཀྱང་ཕ་རུ་ཤི་པ་དང་ཆོས་ཁྲིམས་ཤེས་པ་རྣམས་ཀྱིས་ཁྲུས་མ་བླངས་པས། དཀོན་མཆོག་གི་ཐུགས་དགོངས་རང་གི་ཕྱིར་དུ་མ་བླངས་སོ། ༣༡ མི་རབས་འདི་ངས་སུ་དང་སྡུར་བར་བྱ། ཅི་དང་འདྲ། ༣༢ ཁྲོམ་ལ་སྡོད་པའི་བྱིས་པ་ཚོས་ཕན་ཚུན་འབོད་ཅིང་། ང་ཚོས་ཁྱོད་ཕྱིར་གླིང་བུ་ཕུས་ཀྱང་གར་མ་རྩེས། ང་ཚོས་ཁྱོད་ཕྱིར་མྱ་ངན་བྱས་ཀྱང་ཁྱོད་མ་ངུས། ཞེས་ཟེར་བ་དང་འདྲའོ། ༣༣ ཅིའི་ཕྱིར་ཞེ་ན། ཁྲུས་གསོལ་མཁན་ཡོ་ཧ་ནན་བག་ལེབ་མི་ཟ་ཞིང་ཆང་མི་འཐུང་བར་ཕེབས་པས། ཁྱོད་ཚོས་ཁོང་ལ་འདྲེ་ཞུགས་ཟེར། ༣༤ མིའི་བུ་ཟ་ཞིང་འཐུང་ཞིང་འོང་བས། ཁྱོད་ཅག་གིས་ཟས་བརྣབ་ཅན། ཆང་འཐུང་། ཤོ་གམ་པ་དང་སྡིག་ཅན་གྱི་གྲོགས་པོའོ་ཟེར། ༣༥ འོན་ཀྱང་དཀོན་མཆོག་གི་ཡེ་ཤེས་ལ་དེའི་བུ་རྣམས་ཀྱིས་མངོན་རྟགས་ཕྲོད་དོ། ཞེས་ཡེ་ཤུས་གསུངས་སོ༎
༣༦ ཕ་རུ་ཤི་པ་ཞིག་གིས་གསོལ་བ་བཞེས་སུ་གདན་ཞུས་ནས། ཁོང་དེའི་ཁྱིམ་དུ་ཕེབས་ཏེ། གསོལ་བ་བཞེས་སུ་བཞུགས་པ་དང་། ༣༧ གྲོང་ཁྱེར་དེའི་བུད་མེད་སྡིག་ཅན་མ་ཞིག་གིས། ཡེ་ཤུ་ཕ་རུ་ཤི་པའི་ཁྱིམ་དུ་བཞུགས་ཡོད་པ་ཤེས་ནས། སྤོས་ཆུས་བཀང་བའི་ཀ་མ་རུའི་བུམ་པ་ཞིག་ཁུར་ཏེ། ༣༨ སྐུ་རྒྱབ་ཏུ་ཞབས་ཀྱི་རྩར་ལངས་ནས། ངུ་ཞིང་མཆི་མས་ཞབས་ཁྲུས་ཏེ། སྐྲས་ཕྱིས་ནས། ཞབས་ལ་འོ་མང་དུ་བྱས་ནས། སྤོས་ཆུ་བྱུགས་སོ། ༣༩ ཁོང་སྤྱན་དྲངས་པའི་ཕ་རུ་ཤི་པས་དེ་མཐོང་ནས། མོ་ནི་སྡིག་ཅན་ཡིན་པས། གལ་ཏེ་ལུང་སྟོན་པ་ཡིན་ན། ཁོང་ལ་རེག་པའི་བུད་མེད་འདི་སུ་དང་ཇི་ལྟ་བུ་ཡིན་པ་ཤེས་དགོས་སྙམ་པ་ལས། ༤༠ ཡེ་ཤུས་དེ་ལ། ཤི་མོན། ང་ལ་སྨྲ་རྒྱུ་ཞིག་ཡོད་གསུངས་པ་དང་། དེས་སྟོན་པ་ལགས། གསུང་མཛོད་ཞུས་སོ། ༤༡ ཁོང་གིས། བུན་བདག་ཅིག་ལ་བུ་ལོན་པ་གཉིས་ཡོད་དེ། གཅིག་ལ་དི་ནཱར་ལྔ་བརྒྱ་དང་། གཅིག་ལ་ལྔ་བཅུའི་བུ་ལོན་ཡོད་དོ། ༤༢ དེ་འཇལ་མ་ཐུབ་པས། གཉིས་ཀ་བསལ་ལོ། གང་དེས། བུན་བདག་ལ་ལྷག་པར་གཅེས་འོང་གསུངས་པ་དང་། ༤༣ ཤི་མོན་གྱིས། ངའི་བསམ་པར་མང་པོ་བསལ་བ་དེས་ལྷག་པར་གཅེས་འོང་ཞུས་སོ། ཁོང་གིས། ཁྱོད་ཀྱིས་དྲང་པོར་སྨྲས་སོ་གསུངས་ནས། ༤༤ བུད་མེད་དེའི་ཕྱོགས་སུ་ཞལ་བསྒྱུར་ནས་ཤི་མོན་ལ། བུད་མེད་འདི་མཐོང་ངམ། ང་ཁྱོད་ཀྱི་ཁྱིམ་དུ་འོངས་པས་ངའི་རྐང་པའི་ཁར་ཁྱོད་ཀྱིས་ཆུ་མ་བླུགས། མོས་ངའི་རྐང་པ་མཆི་མས་ཁྲུས་ཏེ། སྐྲས་ཕྱིས་སོ། ༤༥ ཁྱོད་ཀྱིས་ང་ལ་འོ་མ་བྱས། མོས་ང་སླེབས་པ་ནས་ཚུན་ངའི་རྐང་པར་བར་མ་ཆད་པར་འོ་བྱས་སོ། ༤༦ ཁྱོད་ཀྱིས་ངའི་མགོ་ལ་སྣུམ་མ་བྱུགས། མོས་ངའི་རྐང་པར་སྤོས་ཆུ་བྱུགས་སོ། ༤༧ དེའི་ཕྱིར་ངས་ཁྱོད་ལ་ཟེར། མོའི་སྡིག་པ་མང་ཡང་ང་ལ་མང་དུ་གཅེས་པས། མོའི་སྡིག་པ་སེལ་ལོ། སྡིག་སེལ་ཉུང་ངུ་ཐོབ་པ་དེས་ཉུང་ངུ་གཅེས་སོ་གསུངས། ༤༨ དེ་ནས་མོ་ལ། ཁྱོད་ཀྱི་སྡིག་པ་རྣམས་སེལ་ཟིན་གསུངས་པས། ༤༩ མགྲོན་པོ་རྣམས་ཀྱིས། སྡིག་པའང་སེལ་བ་འདི་སུ་ཡིན་སྙམ་མོ། ༥༠ ཡེ་ཤུས་མོ་ལ། ཁྱོད་ཀྱི་དད་པས་ཁྱོད་ཐར་བས། ཞི་བདེ་བར་སོང་གསུངས་སོ༎