༨
རིང་པོར་མ་ལོན་པར་ཁོང་གསུང་ཆོས་གནང་ཞིང་། དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཕྲིན་བཟང་འཆད་ཅིང་། གྲོང་ཁྱེར་དང་ཡུལ་ཚོ་བརྒྱུད་ནས་ཕེབས་སོ། ཁོང་གི་ཕྱག་ཕྱིར་བཅུ་གཉིས་པོ་དང་། ༢-༣ འགོང་པོ་བདུན་ཐོན་པའི་མག་དལ་མ་ཟེར་བའི་མིར་ཡམ་དང་། ཧེ་རོ་དཱེའི་གཉེར་པ་ཀུ་སཱའི་ཆུང་མ་ཡོ་ཧན་ནཱ་དང་། སུ་སན་ནཱ་དང་། བུད་མེད་གཞན་ཁ་ཅིག་ཡོད་དོ། དེ་རྣམས་འགོང་པོ་དང་ནད་ལས་ཁོང་གིས་བསྐྱབས་པ་ཡིན་ཅིང་། རང་གི་ནོར་ནས་ཁོང་ལ་ཞབས་ཏོག་བྱེད་དོ༎༤ གྲོང་ཁྱེར་ཐམས་ཅད་ནས་མི་རྣམས་འོང་སྟེ། མི་ཚོགས་ཆེན་པོ་ཁོང་གི་དྲུང་དུ་འཛོམས་པའི་ཚེ། ཁོང་གིས་དཔེའི་སྒོ་ནས་འདི་སྐད་དུ། ༥ ཞིང་པ་ཞིག་ས་བོན་འདེབས་ཕྱིར་ཐོན་ཏེ། འདེབས་ཙ་ན་ཁ་ཅིག་ལམ་ཁར་འགྲིལ་ཏེ། རྐང་པས་བརྫིས་གནམ་གྱི་བྱས་ཀྱང་ཟོས་སོ། ༦ ཁ་ཅིག་བྲག་གི་ཁར་འགྲིལ་ཏེ། གཤེར་མེད་པས་རྡོལ་མ་ཐག་ཏུ་སྐམས་སོ། ༧ ཁ་ཅིག་ཚེར་གསེབ་ཏུ་འགྲིལ་ཏེ། ཚེར་མ་མཉམ་དུ་སྐྱེས་ནས་མནན་ཏོ། ༨ ཁ་ཅིག་ས་བཟང་པོའི་ནང་དུ་འགྲིལ་ཏེ། སྐྱེས་ཏེ་འབྲུ་བརྒྱ་འགྱུར་ཆགས་སོ་གསུང་ཞིང་སྐད་ཆེན་པོས། ཉན་པའི་རྣ་བ་ཡོད་པ་དེས་ཉོན་ཅིག་གསུངས་སོ༎
༩ ཉེ་གནས་རྣམས་ཀྱིས། དཔེ་དེའི་དོན་ཅི་ལགས་ཞུས་པ་དང་ཁོང་གིས། ༡༠ དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་རྟོགས་པ་འདི་ཁྱེད་ལ་གནང་ཡོད་ཀྱང་། གཞན་ལ་དཔེའི་སྒོ་ནས་བྱུང་བས། ལྟ་བར་བྱེད་ཀྱང་དེ་ཚོས་མི་མཐོང་ཞིང་། ཐོས་པར་བྱེད་ཀྱང་རྟོགས་པར་མི་བྱེད་དོ༎
༡༡ དཔེ་དེའི་དོན་ནི། ས་བོན་ནི་དཀོན་མཆོག་གི་བཀའ་ཡིན། ༡༢ ལམ་ཁར་འགྲིལ་བ་དེ་བཀའ་ཐོས་ཀྱང་བདུད་འོངས་ནས། དད་པ་མི་བྱེད་པ་དང་མི་ཐར་བའི་ཕྱིར། སྙིང་ནས་བཀའ་འཕྲོག་པ་རྣམས་ཡིན། ༡༣ བྲག་ཁར་འགྲིལ་བ་དེ། བཀའ་ཐོས་ནས་དགའ་ཞིང་བླང་ཡང་། རྩ་བ་མེད་པས་རེ་ཞིག་དད་པ་བྱེད་ཀྱང་། ཚོད་ལྟའི་དུས་སུ་དད་པ་ལོག་པ་རྣམས་ཡིན་ནོ། ༡༤ ཚེར་གསེབ་ཏུ་འགྲིལ་བ་དེ། བཀའ་ཐོས་ནས་ཡུན་ཙམ་ན་ཚེ་འདིའི་སེམས་ཁྲལ་དང་། ནོར་དང་། འདོད་ཡོན་གྱིས་མནན་ཏེ། འབྲས་བུ་མ་སྨིན་པ་རྣམས་ཡིན་ནོ། ༡༥ ས་བཟང་པོར་འགྲིལ་བ་དེ། སྙིང་ལེགས་མོ་དང་བཟང་པོས་བཀའ་ཐོས་ནས། དམ་དུ་བཟུང་སྟེ། བཟོད་སྲན་གྱིས་འབྲས་བུ་སྐྱེད་པ་རྣམས་ཡིན་ནོ༎
༡༦ སུས་ཀྱང་མར་མེ་སྤར་ནས་སྣོད་ཀྱིས་མི་འགེབས། ཉལ་ཁྲིའི་འོག་ཏུ་མི་འཇོག་པར་ནང་དུ་འོང་བ་རྣམས་ཀྱིས་འོད་མཐོང་ཕྱིར། སྟེགས་ཀྱི་ཁར་འཇོག་གོ། ༡༧ མངོན་པར་མི་འགྱུར་བ་ཅིའང་སྦས་མེད། ཤེས་པ་དང་མངོན་པར་མི་འགྱུར་བའི་གསང་བ་ཅིའང་མེད། ༡༨ ཇི་ལྟར་ཉན་པར་ནན་ཏན་གྱིས་ལྟོས། ཡོད་མཁན་ལ་སྣོན་པར་འགྱུར་གྱིས། མེད་མཁན་ལས་གང་ཡོད་བསམ་པ་དེའང་འཁྱེར་བར་འགྱུར་གསུངས་སོ༎
༡༩ ཁོང་གི་ཡུམ་དང་སྐུ་མཆེད་རྣམས་བསླེབས་ནས། མི་ཚོགས་ཀྱི་སྟབས་ཀྱིས་ཁོང་གི་དྲུང་དུ་མ་ཐར་བ་དང་། ༢༠ ཁྱེད་ཀྱི་ཡུམ་དང་སྐུ་མཆེད་ཀྱིས་ཁྱེད་མཇལ་བར་འདོད་པས། ཕྱི་རོལ་ན་བཞུགས་སོ་ཞེས་ཞུས་པས། ༢༡ ཁོང་གིས་དེ་ཚོར། དཀོན་མཆོག་གི་བཀའ་ཐོས་ནས་དེ་བཞིན་དུ་བྱེད་པ་རྣམས་ངའི་མ་དང་སྤུན་ཡིན་ནོ་གསུངས་སོ༎
༢༢ ཉིན་གཅིག་ཡེ་ཤུ་ཉེ་གནས་རྣམས་དང་བཅས་གྲུར་ཞུགས་ནས། ང་ཚོ་མཚོའི་ཕ་རོལ་དུ་འགྲོའོ་གསུངས་ནས་ཕེབས་སོ། ༢༣ གྲུ་འགྲོ་བ་ལས་ཁོང་མནལ་གཟིམས་སོ། མཚོ་ལ་རླུང་ཚུབ་དྲག་པོ་ལངས་ནས། གྲུ་ཆུས་གང་ཞིང་སྲོག་གི་ཉེན་བྱུང་བས། ༢༤ སྐུ་དྲུང་དུ་སོང་ནས་མནལ་སད་དེ། ཇོ་བོ། ཇོ་བོ་ལགས། ང་ཚོ་འཆིའོ་ཞུས་པ་དང་། ཁོང་མནལ་སད་དེ། རླུང་དང་ཆུའི་ངར་ལ་བཀའ་བཀྱོན་མཛད་པས། གཉིས་ཀ་ཆད་ནས་ཞི་བར་གྱུར་ཏོ། ༢༥ དེ་རྣམས་ལ། ཁྱོད་ཀྱི་དད་པ་ག་ན་ཡོད་གསུངས་སོ། དེ་ཚོ་འཇིགས་ཤིང་ངོ་མཚར་དུ་གྱུར་ཏེ། ཕན་ཚུན་གླེང་ཞིང་། འདི་སུ་ཡིན། རླུང་དང་ཆུ་ལའང་བཀའ་གནང་སྟེ། ཉན་ནོ་ཞེས་སྨྲས་སོ༎
༢༦ ག་ལིལ་ཡུལ་གྱི་ཐད་ཀར་གེ་རཱ་སེན་ཡུལ་དུ་ཕེབས་ནས། ༢༧ སྐམ་སར་འཐོན་པ་དང་། མི་འགོང་པོ་ཞུགས་པ་ཞིག་ཡུན་རིང་ནས་གོས་མ་གོན་པར། ཁང་པར་མི་བསྡད་ཅིང་། དུར་ཁུང་ནང་བསྡད་པའི་གྲོང་ཁྱེར་དེའི་མི་དེ་དང་ཕྲད་ནས། ༢༨ ཡེ་ཤུས་མི་དེའི་ནང་ནས་ཐོན་ཞིག་གསུངས་པས། ཁོས་ཀུ་སྒྲ་རྒྱབ་ཅིང་། སྐུ་དྲུང་དུ་ལུས་ས་ལ་བརྡབས་ནས། སྐད་ཆེན་པོས། བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ་ལགས། ཁྱེད་དང་ང་ཚོ་ལ་འབྲེལ་བ་ཅི་ཡོད། ང་ལ་འཚེ་བར་མ་མཛད་ཅེས་ཞུས་སོ། ༢༩ མི་དེ་ལ་ལན་མང་འགོང་པོས་བཟུངས་ནས། ལྕགས་ཐག་དང་ལྕགས་སྒྲོག་གིས་བཅིངས་ཏེ། མི་རྣམས་ཀྱིས་སྲུང་ཡང་། ལྕགས་ཐག་བཅད་དེ། འགོང་པོས་འབྲོག་སྟོང་ལ་འདེད་དོ། ༣༠ ཡེ་ཤུས། ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་བཀའ་འདྲི་མཛད་པ་དང་། འགོང་པོ་མང་པོ་ཞུགས་ཡོད་པའི་མི་དེས། ང་ཚོའི་མིང་ལ་དམག་དཔུང་ཟེར་རོ་ཞུས་ནས། ༣༡ དེ་ཚོ་གཏིང་རུམ་གྱི་ནང་འགྲོ་བའི་བཀའ་མི་གནང་ཕྱིར་བཅོལ་ཏོ༎
༣༢ རི་ལ་འཚོ་བའི་ཕག་ཁྱུ་ཆེན་པོ་ཞིག་ཡོད་པ་ལས། ཕག་གི་ནང་དུ་འཇུག་པའི་དགོངས་པ་གནང་བའི་ཕྱིར་བཅོལ་ནས། ཁོང་གིས་དེ་གནང་བས། ༣༣ འགོང་པོ་རྣམས་ཁོའི་ནང་ནས་ཕྱིར་ཐོན་ཏེ། ཕག་གི་ནང་དུ་ཞུགས་ནས། ཕག་ཁྱུ་དེ་གཡང་གཟར་ནས་རྒྱུགས་པས་མཚོར་ལྷུངས་ནས་ཤིའོ། ༣༤ ཕག་རྫི་རྣམས་ཀྱིས་ཅི་བྱུང་བ་མཐོང་ནས་བྲོས་ཏེ། གྲོང་ཁྱེར་དང་གྲོང་ཚོར་གནས་ཚུལ་ཁྱེར་ནས། ༣༥ ཡུལ་པ་རྣམས་ཅི་བྱུང་བ་བལྟ་རུ་ཐོན་ཏེ། ཡེ་ཤུའི་དྲུང་དུ་བསླེབས་ནས། འགོང་པོ་ཐོན་པའི་མི་དེ། གོས་གོན་ཏེ། དྲན་པ་སོས་ནས། ཡེ་ཤུའི་ཞབས་དྲུང་དུ་བསྡད་པ་མཐོང་ནས་འཇིགས་སོ། ༣༦ མཐོང་བ་རྣམས་ཀྱིས་འགོང་ཞུགས་དེ་ཇི་ལྟར་སོས་པ་བཤད་པས། ༣༧ གེ་རཱ་སེན་གྱི་ཡུལ་འཁོར་གྱི་མི་ཐམས་ཅད་ཤིན་ཏུ་འཇིགས་པས། ཁོང་ལ་ང་ཚོའི་རྩ་ནས་ཕར་ཕེབས་ཤིག་ཞུས་པ་དང་། ཁོང་གྲུ་ལ་ཞུགས་ནས་ལོག་ཕེབས་སོ། ༣༨ འགོང་པོ་ཐོན་པའི་མི་དེས། ང་ཁྱེད་མཉམ་སྡོད་པར་གནོང་ཞིག་ཅེས་ཞུ་བ་ཕུལ་ཀྱང་། ཡེ་ཤུས་དེ་ཕར་ལ་བཏང་བ་གནང་ཞིང་། ༣༩ ཁྱིམ་དུ་ལོག་སྟེ། དཀོན་མཆོག་གིས་ཁྱོད་ལ་ཇི་ལྟ་བུ་མཛད་པ་ཤོད་ཅིག་གསུངས་པ་དང་། ཁོ་སོང་ནས་ཡེ་ཤུས་ཁོའི་ཕྱིར་ཇི་ལྟ་བུ་མཛད་པ་གྲོང་ཁྱེར་ཡོངས་ལ་བཤད་དོ༎
༤༠ ཡེ་ཤུ་ལོག་ཕེབས་པའི་ཚེ། ཁོང་ལ་སྒུག་པའི་མི་ཚོགས་ཀྱིས་ཁོང་གདན་དྲངས་སོ། ༤༡ འདུ་ཁང་གི་དབུ་མཛད་ཡ་ཨིར་བྱ་བ་འོངས་ནས། ཡེ་ཤུའི་ཞབས་དྲུང་དུ་ལུས་ས་ལ་བརྡབས་ཏེ། ངའི་ཁྱིམ་དུ་ཕེབས་སུ་གསོལ། ༤༢ ལོ་བཅུ་གཉིས་ཙམ་ལོན་པའི་ངའི་བུ་མོ་གཅིག་པུ་འཆི་བ་ལ་ཐུག་ཡོད་ཞུས་སོ༎
དེར་ཁོང་ཕེབས་པ་ལས་མི་ཚོགས་ཀྱིས་རུབ་བོ། ༤༣ ལོ་བཅུ་གཉིས་ཁྲག་འཛག་ཅིང་ན་བར་སུས་ཀྱང་གསོ་མ་ཐུབ་པའི་བུད་མེད་གཅིག་ཡོད་པ། ༤༤ སྐུ་རྒྱབ་ནས་འོངས་ཏེ། ན་བཟའི་སྣེ་མོ་ལ་རེག་པ་ཙམ་གྱིས་མོའི་ཁྲག་ཆད་དོ། ༤༥ ཡེ་ཤུས་ང་ལ་རེག་མཁན་སུ་ཡིན་གསུངས་པས། ཐམས་ཅད་ཀྱིས་ང་མིན་ཞུས་ནས་པེ་ཏྲོས། ཇོ་བོ་ལགས། མི་ཚོགས་ཀྱིས་ཁྱེད་ལ་རུབ་ཅིང་བཙིར་རོ་ཞུས་སོ། ༤༦ ཡེ་ཤུས། ངའི་ནང་ནས་མཐུ་སྟོབས་ཤིག་ཐོན་པ་ཚོར་བས། གཅིག་གིས་ང་ལ་རེག་པ་ཡིན་འདུག་གསུངས་པས། ༤༧ བུད་མེད་དེས་ཡིབ་མི་ཐུབ་པར་མཐོང་ནས། འདར་གྱིན་འོངས་ཏེ། སྐུ་དྲུང་དུ་ལུས་ས་ལ་བརྡབས་ནས། རེག་པའི་རྒྱུ་དང་། རེག་པ་ཙམ་གྱིས་ཕན་པ། མི་ཐམས་ཅད་ཀྱི་མདུན་དུ་ཞུས་སོ། ༤༨ ཁོང་གིས་མོ་ལ། བུ་མོ། ཁྱོད་ཀྱི་དད་པས་ཁྱོད་ཐར་བ་ཡིན། ཞི་བདེ་བར་སོང་ཞིག་གསུངས་སོ༎
༤༩ གསུང་འཕྲོ་མ་ཟིན་པར། དབུ་མཛད་ཀྱི་དྲུང་ནས་མི་འོངས་ནས་ཡ་ཨིར་ལ། ཁྱེད་ཀྱི་བུ་མོ་ཤི་བས། སྟོན་པར་འོ་བརྒྱལ་མ་ཞུ་སྨྲས་སོ། ༥༠ ཡེ་ཤུས་དེ་གསན་ནས་དབུ་མཛད་ལ། མ་འཇིགས་ཤིག དད་པ་རང་བྱོས་ཤིག མོ་སླར་གསོ་བར་འགྱུར་གསུངས་ནས། ༥༡ ཁང་པ་ལ་ཕེབས་པའི་ཚེ། པེ་ཏྲོ་དང་། ཡ་ཀོབ་དང་། ཡོ་ཧ་ནན་དང་། བུ་མོའི་ཕ་མ་གཉིས་མ་གཏོགས་པར། གཞན་ཁོང་དང་མཉམ་ནང་དུ་ཞུགས་པར་མ་གནང་ངོ་། ༥༢ དེར་ཐམས་ཅད་ཀྱིས་ངུ་ཞིང་མྱ་ངན་བྱེད་པས། ཁོང་གིས་མ་ངུ་ཞིག མོ་མ་ཤི་བར་ཉལ་ལོ་གསུངས་པ་དང་། ༥༣ དེ་ཚོས་མོ་ཤི་བར་ཤེས་ནས་ཁོང་ལ་ཁྲེལ་དགོད་བཏང་ངོ་། ༥༤ ཡེ་ཤུས་མོའི་ལག་པ་ནས་བཟུང་སྟེ། བུ་མོ་ལོངས་ཤིག ཅེས་བཀའ་སྩལ་མ་ཐག་ཏུ། ༥༥ དེའི་དབུགས་ཕྱིར་ལོག་ནས་ལངས་སོ། བུ་མོ་ལ་ཁ་ཟས་ཐོང་ཞིག་ཅེས་བཀའ་གནང་ངོ་། ༥༦ ཕ་མ་གཉིས་ཤིན་ཏུ་ངོ་མཚར་དུ་གྱུར་ཏོ། ཁོང་གིས་དེ་དག་ལ་ནན་ཏན་མཛད་ཅིང་། བྱ་བ་འདི་སུ་ལའང་མ་འཆད་གསུངས་སོ༎