༩
སྐུ་ཚབ་བཅུ་གཉིས་པོ་བོས་ནས། འགོང་པོ་ཐམས་ཅད་སྐྲོད་པ་དང་། ནད་གསོ་བའི་མཐུ་དང་དབང་བསྐུར་ཏེ། ༢ དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཆོས་བཤད་པ་དང་། ནད་གསོ་ཕྱིར་མངགས་ཏེ། ༣ འདི་སྐད་དུ། ལམ་གྱི་ཕྱིར་དབྱུག་པའམ། སྒྱེ་ཁུག་གམ། རྒྱགས་སམ། དངུལ་ལམ། གོས་གཉིས་སམ། གཞན་ཅིའང་མ་ཁྱེར། ༤ ཁང་པ་གང་དུ་ཞུགས་ན། ཡུལ་དེ་ནས་མ་འཐེགས་པའི་བར་དེར་སྡོད་ཅིག ༥ ཁྱེད་མི་བསུ་བ་དེར་དེ་ཚོར་མངོན་རྟགས་སྟོན་ཕྱིར་དུ། གྲོང་ཁྱེར་དེ་ནས་འགྲོ་དུས་སུ། རྐང་པ་ལས་རྡུལ་སྤྲུགས་ཤིག་གསུངས་སོ། ༦ དེ་རྣམས་སོང་སྟེ། ཡུལ་ཚོ་རྣམས་ནང་ཕྲིན་བཟང་བཤད་ཅིང་ཡུལ་ཀུན་གྱི་ནད་པ་རྣམས་གསོས་སོ༎༧-༨ མི་ལ་ལས་ཡོ་ཧ་ནན་གཤིན་པོའི་ཁྲོད་ནས་ལངས་སོ། ལ་ལས་ཨེ་ལི་ཡཱ་བྱུང་ངོ་། ལ་ལས་སྔོན་གྱི་ལུང་སྟོན་པ་ཞིག་སླར་ལངས་སོ་སྨྲས་པས། ལྗོངས་དཔོན་ཧེ་རོ་དཱེས་དེ་ཐམས་ཅད་ཐོས་ནས། ཅི་བྱ་མ་ཤེས་ཤིང་འདི་སྐད་དུ། ༩ ཡོ་ཧ་ནན་གྱི་སྐེ་ངས་བཅད་པས། སྐད་ཆ་འདི་འདྲ་ཐོས་པའི་མི་དེ་སུ་ཡིན་སྨྲས་ནས་མཇལ་བར་རྩམ་མོ༎
༡༠ སྐུ་ཚབ་རྣམས་ལོག་བསླེབས་ནས། ཇི་བྱས་པ་རྣམས་ཁོང་ལ་ཞུས་སོ། དེ་རྣམས་སོ་སོར་ཁྲིད་དེ། བེད་ཙ་ཡི་དཱ་བྱ་བའི་གྲོང་ཁྱེར་ལ་ཕེབས་སོ། ༡༡ མི་ཚོགས་ཀྱིས་གོ་ནས་ཕྱིར་འབྲང་བ་དང་ཁོང་གིས་བསྙེན་ཞིང་། དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་དུ་གསུངས་ནས། ནད་གསོ་དགོས་པ་རྣམས་གསོས་པར་མཛད་དོ། ༡༢ ཉི་མ་ཕྱི་ཡོལ་ལ། ཉེ་གནས་བཅུ་གཉིས་པོ་སྐུ་དྲུང་དུ་འོང་སྟེ། འདིར་དབེན་པ་ཡིན་ཏེ། མི་ཚོགས་ཉེ་འཁོར་གྱི་ཡུལ་ཚོ་དང་གྲོང་ལ། དགོངས་མོར་སྡོད་པ་དང་བཟའ་བཏུང་འཚོལ་བར་འགྲོ་བའི་དགོངས་པ་གནོང་ཞིག་ཞུས་སོ། ༡༣ ཁོང་གིས། འདི་རྣམས་ལ་ཟ་རྒྱུ་ཁྱེད་ཀྱིས་སྟེར་ཞིག་གསུངས་སོ། དེ་རྣམས་ཀྱིས། ང་ཚོ་སོང་ནས་མི་ཚོགས་འདིའི་ཕྱིར་ཁ་ཟས་མི་ཉོ་ན། འདིར་བག་ལེབ་ལྔ་དང་ཉ་གཉིས་ལས་ལྷག་མེད་ཞུས་སོ། ༡༤ དེར་མི་སྟོང་ལྔ་ཙམ་ཡོད་དོ། ཁོང་གིས་ཉེ་གནས་རྣམས་ལ། མི་རྣམས་ལྔ་བཅུ་ལྔ་བཅུའི་ཚོ་ཁག་ཏུ་སྡོད་ཆུག་གསུངས། ༡༥ བཀའ་བཞིན་དུ་ཐམས་ཅད་སྡོད་དུ་བཅུག་གོ། ༡༦ ཁོང་གིས་བག་ལེབ་ལྔ་དང་ཉ་གཉིས་པོ་ཕྱག་ཏུ་བཞེས་ནས། ནམ་མཁའ་ལ་གཟིགས་ཤིང་། བྱིན་རླབས་མཛད་དེ་བཅག་ནས། མི་ཚོགས་ལ་འགྲེམ་ཕྱིར་ཉེ་གནས་རྣམས་ལ་གནང་ངོ་། ༡༧ ཐམས་ཅད་ཀྱིས་ཟོས་ཏེ་ཚིམ་ནས་ལྷག་པའི་བྲུལ་བུ་ཙེལ་པོ་བཅུ་གཉིས་བླངས་སོ༎
༡༨ ཁོང་ཟུར་དུ་ཐུགས་དམ་ལ་བཞུགས་ཙ་ན། ཉེ་གནས་རྣམས་ཡོད་པ་དང་ཁོང་གིས། མི་རྣམས་ཀྱིས་ང་སུ་ཡིན་ཟེར་ཞེས་བཀའ་འདྲི་མཛད་པས། ༡༩ ཞུ་ལན་དུ། ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན་དང་། ལ་ལས་ཨེ་ལི་ཡཱ། ལ་ལས་སྔོན་གྱི་ལུང་སྟོན་པ་གསོན་པོར་བཞེངས་པ་ཞིག་ལགས་ཟེར་རོ་ཞུས། ༢༠ ཁྱེད་ཀྱིས་ང་སུ་ཡིན་ཟེར་གསུངས་པའི་ཞུ་ལན་དུ། པེ་ཏྲོས། དཀོན་མཆོག་གི་མཱ་ཤི་ཀ་ལགས་ཞུས་སོ༎
༢༡ ཁོང་གིས་དེ་སུ་ལའང་མི་འཆད་པའི་ཕྱིར་ནན་ཏན་མཛད་ནས། ༢༢ མིའི་བུ་སྡུག་བསྔལ་མང་པོ་མྱོང་བ་དང་། ཁོང་རྒན་པོ་དང་། བླ་ཆེན་དང་། མཁན་པོ་རྣམས་ཀྱིས་སྤོང་བ་དང་། བཀྲོང་བ་དང་། ཞག་གསུམ་པ་ལ་གསོན་པོར་བཞེང་བར་དགོས་ཞེས་གསུངས་སོ། ༢༣ ཁོང་གིས་མི་ཐམས་ཅད་ལ། ངའི་རྗེས་སུ་འབྲང་བར་འདོད་པ་དེས། བདག་འཛིན་སྤོང་ལ། ཉིན་རེ་བཞིན་རང་གི་རྒྱང་ཤིང་འཁུར་ལ་ངའི་རྗེས་སུ་འབྲོང་། ༢༤ རང་སྲོག་སྐྱོབ་འདོད་པ་དེས་བརླག ངའི་དོན་རང་སྲོག་བརླག་པ་དེས་སྐྱོབ་པར་འགྱུར། ༢༥ མི་ལ་འཇིག་རྟེན་ཧྲིལ་པོ་ཐོབ་ཀྱང་། རང་སྲོག་བརླག་ན་ཅི་ཕན། ༢༦ ང་དང་ངའི་བཀའ་ལ་ངོ་ཚ་བ་ལ། མིའི་བུས་ཀྱང་ཉིད་དང་ཡབ་དང་ཕོ་ཉ་དམ་པ་རྣམས་ཀྱི་གཟི་བརྗིད་ནང་འབྱོན་པའི་ཚེ་ངོ་ཚ་བར་བྱའོ། ༢༧ འདིར་ཡོད་པ་ཁ་ཅིག་གིས། དཀོན་མཆོག་གི་རྒྱལ་སྲིད་མ་མཇལ་བའི་བར་དུ་འཆི་བ་མི་མྱོང་ཞེས་ངས་བདེན་པར་ཟེར་གསུངས་སོ༎
༢༨ འདི་རྣམས་གསུངས་པའི་ཞག་བརྒྱད་ཙམ་ན། པེ་ཏྲོ་དང་། ཡོ་ཧ་ནན་དང་། ཡ་ཀོབ་གསུམ་ཁྲིད་དེ། ཐུགས་དམ་ཕྱིར་རིར་ཕེབས་སོ། ༢༩ ཐུགས་དམ་གྱི་ཚེ་ཁོང་གི་ཞལ་ངོ་གྱུར་ནས། ན་བཟའ་དཀར་ལ་མདངས་ཅན་དུ་གྱུར་ཏོ། ༣༠ མོ་ཤེ་དང་ཨེ་ལི་ཡཱ། སྐྱེས་བུ་གཉིས་པོས་ཁོང་མཉམ་གླེང་ངོ་། ༣༡ དེ་གཉིས་དཔལ་དང་ལྡན་པར་མངོན་ཏེ། ཡེ་རུ་ཤ་ལེམ་དུ་སྒྲུབ་པར་འགྱུར་བའི་ཁོང་སྐུ་གཤེགས་པའི་འཕྲོས་ཞུས་སོ། ༣༢ པེ་ཏྲོ་དང་དེ་མཉམ་ཡོད་པ་ལ་གཉིད་འཐིབས་ཡོད་ཀྱང་། སད་ནས་ཁོང་གི་གཟི་བརྗིད་དང་། ཁོང་མཉམ་བཞེངས་པའི་སྐྱེས་བུ་གཉིས་པོ་མཇལ་ཏོ། ༣༣ དེ་གཉིས་བཞུད་པའི་ཚེ། པེ་ཏྲོས་ཡེ་ཤུ་ལ། ང་ཚོ་འདིར་བཞུགས་པ་ལེགས། གཟིམ་གུར་གསུམ་ཁྱེད་ལ་གཅིག་མོ་ཤེ་ལ་གཅིག ཨེ་ལི་ཡཱ་ལ་གཅིག་ཕུབ་འོང་ཞེས་ཅི་ཞུས་པ་མ་ཤེས་པར་ཞུས་སོ། ༣༤ ཞུ་བའི་འཕྲོ་ལ་སྤྲིན་བྱུང་ནས་དེ་རྣམས་བསྒྲིབས་ནས་སྤྲིན་ནང་འཇུག་པའི་ཚེ་འཇིགས་སོ། ༣༥ སྤྲིན་ནས་སྒྲ་ཞིག་གིས། འདི་ནི་ངའི་སྲས་ངས་འདམས་པ་དེ་ཡིན། ཁོང་ལ་ཉོན་ཞེས་གསུངས་སོ། ༣༦ དེའི་མོད་ལ་ཡེ་ཤུ་སྐུ་རྐྱང་མཇལ་ཏོ། ཇི་མཐོང་བ་དེ། དེའི་ཚེ་སུ་ལའང་མ་བཤད་པར་ཁ་རོག་གོ།
༣༧ དེའི་སང་ཉིན་རི་ནས་མར་ཕེབས་པ་དང་། མི་ཚོགས་རྣམས་ཀྱིས་མཇལ་ཏོ། ༣༨ མི་ཚོགས་ལས་གཅིག་གིས་སྐད་ཆེན་པོས། སྟོན་པ་ལགས། ངའི་བུ་འདི་ལ་གཟིགས་སུ་གསོལ། ཁོ་ངའི་བུ་གཅིག་ཡིན་ཏེ། ༣༩ འགོང་པོས་འཛིན་ཅིང་གློ་བུར་དུ་སྐད་ངན་འདོན། ཁོ་དྲག་ཏུ་གཟིར་བས་ཁ་ནས་ལྦུ་བ་ཐོན་ནོ། འགོང་པོས་ཤིན་ཏུ་བསྔལ་བར་བྱེད་ཅིང་འཐོན་པར་དཀའོ། ༤༠ ཁྱེད་ཀྱི་ཉེ་གནས་རྣམས་ལ་དེ་སྐྲོད་པའི་ཕྱིར་ཞུས་ཀྱང་དེ་རྣམས་ཀྱིས་མ་ནུས་ཞུས་པ་དང་། ༤༡ ཡེ་ཤུས་མི་རབས་དད་མེད་དང་བསམ་བརླག་ཁྱོད། ང་ཁྱོད་མཉམ་དུ་ཅི་ཙམ་བར་ཐུག་བཟོད་པར་བྱ། ཁྱོད་ཀྱི་བུ་ཁྲིད་ཤོག་གསུངས་སོ། ༤༢ ཁོ་འོངས་པ་དང་འགོང་པོས་ཁོ་ས་ལ་བརྡབས་ནས་དྲག་ཏུ་གཟིར་ཏོ། ཡེ་ཤུས་འགོང་པོ་ལ་བཀྱོན་པས། ཁྱེའུ་སོས་པར་མཛད་དེ་ཕ་ལ་གནང་ངོ་། ༤༣ ཐམས་ཅད་དཀོན་མཆོག་གི་དཔལ་ལ་ཤིན་ཏུ་ངོ་མཚར་བར་གྱུར་ཏོ། དེ་ཐམས་ཅད་ཁོང་གི་མཛད་རྒྱ་ལ་ངོ་མཚར་དུ་གྱུར་པ་ལས། ཁོང་གིས་ཉེ་གནས་རྣམས་ལ། ༤༤ གཏམ་འདི་རྣ་བར་ཞོག་ཅིག མིའི་བུ་མི་རྣམས་ཀྱི་ལག་ཏུ་གཏད་འོང་གསུངས་ཀྱང་། ༤༥ གསུང་དེའི་དོན་ཁོ་ཚོས་མི་རྟོགས་པའི་ཕྱིར་སྦས་པ་ཡིན་པས། མ་གོ་ཞིང་། དེའི་སྐོར་བཀའ་འདྲི་ཞུ་བ་ལ་ནི་ཚབས་སོ༎
༤༦ དེ་ཚོའི་ནང་ནས་མཆོག་སུ་ཡིན་པའི་རྩོད་གླེང་བྱུང་བ་དང་། ༤༧ ཡེ་ཤུས་དེ་ཚོའི་བསམ་པ་མཁྱེན་ནས། བྱིས་པ་ཞིག་ཉིད་ཀྱི་གཞོགས་སུ་བསླངས་ནས། ༤༨ དེ་ཚོར་བྱིས་པ་འདི་ངའི་མིང་རྗོད་ཅིང་བསྙེན་པ་དེས་ང་བསྙེན་ནོ། ང་བསྙེན་པ་དེས་ང་མངགས་མཁན་ཁོང་བསྙེན་ནོ། ཁྱེད་ཀྱི་ནང་ན་ཆུང་ཤོས་དེ་མཆོག་ཡིན་ནོ་གསུངས་སོ༎
༤༩ ཡོ་ཧ་ནན་གྱིས། ཇོ་བོ་ལགས། ཁྱེད་ཀྱི་མཚན་བརྗོད་ཅིང་འགོང་པོ་སྐྲོད་པ་ཞིག་མཐོང་། ཁོ་རྗེས་འབྲང་མ་ཡིན་པས་བཀག་པ་ཡིན་ཞུས་པས། ༥༠ ཡེ་ཤུས་དེ་ལ། ཁྱོད་ལ་དགྲ་མི་བྱེད་པ་དེས་ཁྱོད་ཀྱི་ཕྱོགས་བྱེད་པས་མ་འགེགས་ཤིག་གསུངས་སོ༎
༥༡ ཁོང་ཡར་འཕགས་པའི་དུས་ཉེ་བས། ཡེ་རུ་ཤ་ལེམ་དུ་རྩེ་གཅིག་གིས་ཕྱོགས་ཏེ། ༥༢ སྔོན་དུ་བང་ཆེན་སྩལ་ནས། ཁོང་གི་ཕྱིར་གྲལ་བྱེད་པར་སོང་ནས། ས་མར་ཡཱ་པའི་ཡུལ་ཚོ་ཞིག་ཏུ་བསླེབས་པ་དང་། ༥༣ ཡེ་རུ་ཤ་ལེམ་ལ་ཕྱོགས་པས་ཁོང་ལ་བསུ་བ་མ་བྱས་སོ། ༥༤ ཉེ་གནས་ཡ་ཀོབ་དང་ཡོ་ཧ་ནན་གྱིས་དེ་མཐོང་ནས། གཙོ་བོ། ང་ཚོས་ནམ་མཁའ་ནས་མེ་ཕབ་སྟེ། དེ་ཚོ་ཚར་གཅོད་པ་ལ་མཉེས་སམ་ཞུས་པས། ༥༥ དེ་དག་ལ་གཟིགས་ནས་བཀྱོན་ཏེ། ༥༦ ཡུལ་ཚོ་གཞན་ཞིག་ལ་ཕེབས་སོ༎
༥༧ ལམ་ནས་ཕེབས་པ་ལས། མི་ཞིག་གིས་ཁོང་ལ། ཁྱེད་ཕེབས་སར་ངའང་འབྲང་ངོ་ཞུས་སོ། ༥༨ ཡེ་ཤུས་ཝ་ལ་ཝ་ཚང་ཡོད། གནམ་གྱི་བྱ་ལ་བྱ་ཚང་ཡོད་ཀྱང་། མིའི་བུ་ལ་མགོ་བཞག་སའང་མེད་གསུངས་སོ། ༥༩ གཞན་ཞིག་ལ། ང་ལ་འབྲོང་གསུངས་ཀྱང་དེས། སྔོན་ལ་ངའི་ཕ་དུར་དུ་འཇུག་པར་གནོང་ཞིག་ཞུས། ༦༠ ཁོང་གིས་དེ་ལ། གཤིན་པོ་གཤིན་པོར་སྦ་ཆུག ཁྱོད་རང་སོང་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཕྲིན་སྤེལ་ཞིག་གསུངས་སོ། ༦༡ གཞན་ཞིག་གིས། ཇོ་བོ། སྔོན་ལ་ངའི་ཁྱིམ་གྱི་མི་རྣམས་ལ་ཕྱི་ཕྱག་བྱེད་དུ་གནོང་ཞིག དེ་ནས་ང་ཞབས་རྗེས་སུ་འབྲང་འོང་ཞུས་པས། ༦༢ ཡེ་ཤུས་དེ་ལ། གཤོལ་ལ་ལག་པ་འཐམ་ནས་ཕྱི་མིག་ལོག་པ་དཀོན་མཆོག་གི་རྒྱལ་སྲིད་ལ་མི་མཚུངས་གསུངས་སོ༎