༡༠
དེའི་རྗེས་སུ་གཞན་བདུན་ཅུ་དོན་གཉིས་ཉེ་གནས་སུ་བསྐོས་ཏེ། ཁོང་རང་ཕེབས་པར་བྱ་བའི་གྲོང་ཁྱེར་དང་ཡུལ་ཚོ་རྣམས་ལ་གཉིས་གཉིས་སྔོན་དུ་མངགས་ཏེ།  དེ་ཚོར། སྟོན་ཐོག་མང་ཡང་ལས་མི་ཉུང་། སྟོན་ཐོག་གི་བདག་པོ་ལ། ཉིད་ཀྱི་སྟོན་ཐོག་བསྡུ་མཁན་གནང་བའི་ཕྱིར་ཞུས་ཤིག  སོང་ཞིག་སྤྱང་ཀུའི་གསེབ་ལ་ལུག་གུ་གཏོང་བ་ལྟར་ངས་ཁྱེད་གཏོང་ངོ་།  དངུལ་ཁུག་དང་། སྒྱེ་ཁུག་དང་། ལྷམ་མ་ཁྱེར། ལམ་ལ་སུ་ལའང་ཕྱག་མ་བྱེད།  གང་ཁང་པའི་ནང་འགྲོ་ན། ཁང་པ་འདི་ཞི་བདེ་དང་ལྡན་པར་གྱུར་ཅིག་ཅེས་སྨྲོས་ཤིག  དེ་རུ་ཞི་བདེའི་བུ་ཞིག་ཡོད་ན་ཁྱེད་ཀྱི་ཞི་བདེ་དེ་ལ་གནས་པར་འགྱུར། མེད་ན་ཁྱེད་ལ་ལོག་འོང་།  ཁྱེད་ཁང་པ་དེ་ནང་གནས་ཏེ། གང་སྟེར་བ་ཟ་ཞིང་འཐུངས་ཤིག ལས་བྱེད་མཁན་ལ་གླ་ཐོབ་འོས་སོ། བྲང་ས་མ་སྤོ་ཞིག  གང་གྲོང་ཁྱེར་དུ་ཞུགས་ཏེ་བསྙེན་ན། ཅི་སྟེར་བ་ཟོ་ཞིག  དེར་ཡོད་པའི་ནད་པ་རྣམས་གསོས་ནས། མི་རྣམས་ལ་དཀོན་མཆོག་གི་རྒྱལ་སྲིད་ཁྱེད་དང་ཉེ་བར་བསླེབས་སོ་སྨྲོས་ཤིག ༡༠ གང་གྲོང་ཁྱེར་དུ་ཞུགས་ཏེ་མ་བསུ་ན། ཡུལ་དེའི་ལམ་སྲང་ལ་སོང་སྟེ་འདི་སྐད་དུ། ༡༡ ངའི་རྐང་པ་ལ་འབྱར་བའི་ཁྱེད་ཀྱི་གྲོང་ཁྱེར་གྱི་རྡུལ་དེའང་ཁྱེད་ལ་སྤྲུག་གོ། འོན་ཀྱང་དཀོན་མཆོག་གི་རྒྱལ་སྲིད་ཉེ་བར་བསླེབས་པ་ཤེས་ཤིག་ཅེས་སྨྲོས། ༡༢ ཉིན་མོ་དེར་གྲོང་ཁྱེར་འདི་བས་སོ་དོམ་ལ་སླ་བར་འགྱུར་ཞེས་ངས་ཟེར།
༡༣ ཀོ་རཱ་ཟིན་ཁྱོད་སྙིང་རེ་རྗེ། བེད་ཙ་ཡི་དཱ་ཁྱོད་སྙིང་རེ་རྗེ། ཁྱོད་གཉིས་ནང་ངས་བསྟན་པའི་ལྟས་རྣམས་ཚོར་དང་ཚི་དོན་ལ་བསྟན་པ་ཡིན་ན། དེ་དག་གིས་རྩ་ཕད་གོན་ཏེ། གོག་ཐལ་ནང་བསྡད་དེ་ཡུན་རིང་ནས་སེམས་བསྒྱུར་བ་ཡིན། ༡༤ ཞལ་ཆེའི་ཉིན་མོར་ཁྱོད་གཉིས་ལས་ཚོར་དང་ཚི་དོན་ལ་སླ་བར་འགྱུར་རོ། ༡༥ ནམ་མཁའ་ཐུག་གཏེགས་པའི་ཀ་ཕར་ནཱ་ཧུམ་ཁྱོད། དམྱལ་བ་ཐུག་འབེབས་པར་འགྱུར་རོ། ༡༦ ཁྱེད་ལ་ཉན་པ་དེས་ང་ལའང་ཉན་ནོ། ཁྱེད་སྤང་བ་དེས་ངའང་སྤང་ངོ་། ང་སྤང་བ་དེས་ང་མངགས་མཁན་ཡང་སྤང་ངོ་གསུངས་སོ༎
༡༧ བདུན་ཅུ་དོན་གཉིས་པོ་དགའ་ཞིང་ཕྱིར་འཁོར་ནས་ཁོང་ལ། གཙོ་བོ། ཁྱེད་ཀྱི་མཚན་བརྗོད་པས་འགོང་པོ་རྣམས་ཀྱང་ང་ཚོར་ཉན་ནོ་ཞུས་སོ། ༡༨ ཁོང་གིས། བདུད་ནམ་མཁའ་ནས་གློག་འཁྱུག་པ་ལྟར་ལྷུང་བ་ངས་མཐོང་། ༡༩ སྦྲུལ་དང་སྡིག་པ་ར་ཅན་ལ་རྡོག་རྫིས་གཏོང་བ་དང་། བདུད་ཀྱི་སྟོབས་ཐམས་ཅད་ལས་རྒྱལ་བའི་དབང་ངས་ཁྱེད་ལ་གནང་བས། ཁྱེད་ལ་སུས་ཀྱང་མི་གནོད། ༢༠ འོན་ཀྱང་འགོང་པོས་ཁྱེད་ཀྱི་ཁ་ལ་ཉན་པར་ཡིད་མ་རངས་པར། ཁྱེད་ཀྱི་མིང་ནམ་མཁའ་རུ་བྲིས་པ་ལ་ཡིད་རོངས་ཤིག་གསུངས་སོ༎
༢༡ དུས་ཚོད་དེ་རང་ལ་ཁོང་ཐུགས་ཉིད་ནང་དགྱེས་པར་གྱུར་ནས་འདི་སྐད་དུ། ཀྱེ་ཡབ། གནམ་ས་གཉིས་ཀྱི་གཙོ་བོ། ཁྱེད་ཐུགས་དགྱེས་པ་བཞིན་དུ། ཁྱེད་ཀྱིས་བྱ་བ་འདི་རྣམས་མཁས་པ་དང་བློ་གྲོས་ཅན་ལ་སྦས་ཏེ་བྱིས་པ་རྣམས་ལ་མངོན་པར་མཛད་པས། ངས་ཁྱེད་ལ་བསྟོད་དོ། ༢༢ ངའི་ཡབ་ཀྱིས་ཐམས་ཅད་ང་ལ་བཏད་པ་ཡིན། ཡབ་ཀྱིས་མ་གཏོགས་པར་སྲས་སུ་ཡིན་པ་སུས་ཀྱང་མི་ཤེས། སྲས་དང་སྲས་ཀྱིས་སྟོན་པར་དགྱེས་པ་རྣམས་ཀྱིས་མ་གཏོགས་པར། ཡབ་སུ་ཡིན་པ་སུས་ཀྱང་མི་ཤེས་སོ། ༢༣ ཉེ་གནས་རྣམས་ལ་གཟིགས་ཏེ་ཟུར་དུ་དེ་རྣམས་ལ། ཁྱེད་ཀྱིས་མཐོང་བ་རྣམས་མཐོང་བའི་མིག་དེ་བདེའོ། ༢༤ ལུང་སྟོན་པ་དང་རྒྱལ་པོ་མང་པོས། ཁྱེད་ཀྱིས་མཐོང་བ་རྣམས་མཐོང་བར་འདོད་ཀྱང་མ་མཐོང་། ཁྱེད་ཀྱིས་ཐོས་པ་རྣམས་ཐོས་པར་འདོད་ཀྱང་མ་ཐོས་ཞེས་ངས་ཟེར་གསུངས་སོ༎
༢༥ བཀའ་ཁྲིམས་ཤེས་པ་ཞིག་ལངས་ནས། ཐུགས་སད་ཅིང་ཁོང་ལ། སྟོན་པ་ལགས། ཅི་བྱེད་པས་ཚེ་མཐའ་མེད་པ་ཐོབ་ཞུས་པ་དང་། ༢༦ ཁོང་གིས་དེ་ལ། བཀའ་ཁྲིམས་ནང་ཅི་བྲིས། ཁྱོད་ཀྱིས་ཅི་ཀློག་གསུངས་པའི་ཞུ་ལན་དུ། ༢༧ ཁྱོད་ཀྱི་དཀོན་མཆོག་གཙོ་བོ་ལ་སྙིང་ཧྲིལ་པོ་དང་། སེམས་ཧྲིལ་པོ་དང་། སྟོབས་ཧྲིལ་པོ་དང་། ཡིད་ཧྲིལ་པོ་ནས་གཅེས་ཤིག ཁྱིམ་མཚེས་ལའང་རང་དང་འདྲ་བར་གཅེས་ཤིག་ཞུས། ༢༨ ཁོང་གིས། ཁྱོད་ཀྱིས་བདེན་པར་སྨྲས་སོ། འདི་སྒྲུབས་ཤིག་དང་འཚོ་བར་འགྱུར་རོ་གསུངས་སོ། ༢༩ འོན་ཀྱང་ཁོས་ཤེས་ཁུལ་གྱིས་ཡེ་ཤུ་ལ། འོ་ན་ངའི་ཁྱིམ་མཚེས་སུ་ཡིན་ཞུས། ༣༠ ཡེ་ཤུས་བཀའ་ལན་དུ། མི་ཞིག་ཡེ་རུ་ཤ་ལེམ་ནས་ཡེ་རི་ཀོ་ལ་འགྲོ་བ་དང་། ཇག་པའི་ལག་ཏུ་བསླེབས་ནས། གོས་བཤུས་ནས་བརྡུངས་ཏེ་རོ་ལྟར་བཟོས་ནས་སོང་ངོ་། ༣༡ བླ་མ་ཞིག་ལམ་དེ་ལས་མར་འགྲོ་བའི་སྐབས་དང་ཐུག་ནས། མི་དེ་མཐོང་ནས་ཕར་བྱོལ་ཏེ་སོང་ངོ་། ༣༢ དེ་བཞིན་ཏུ་མཆོད་གཡོག་ཅིག་༼མ་ཡིག་ཏུ་ལེ་ཝི་པ་ཞིག་༽ས་ཆ་དེར་བསླེབས་པས། ཁོས་ཀྱང་མཐོང་ནས་བྱོལ་ཏེ་སོང་ངོ་། ༣༣ ས་མར་ཡཱ་པ་ཞིག་བྱེས་སུ་འགྲོ་བ་ལས་དེར་བསླེབས་ནས། ཁོ་མཐོང་བ་དང་སྙིང་རྗེ་སྐྱེ་ཞིང་། ༣༤ མདུན་དུ་སོང་ནས། རྨ་ལ་འབྲུ་མར་དང་། རྒུན་ཆང་བླུགས་ནས་བསྡམས་ཏེ། རང་གི་བཞོན་པ་ལ་བསྐྱོན་ཏེ། འགྲུལ་ཁང་ཞིག་ལ་ཁྱེར་ནས་ཉ་ར་བཅོལ་ལོ། ༣༥ དེའི་སང་ཉིན་དི་ནཱར་གཉིས་བཏོན་ནས། གནས་པོ་ལ་བཏང་སྟེ། མི་འདི་ལ་ཉ་ར་བྱོས་ཤིག དངུལ་འདི་ལས་ལྷག་སོང་ན་ཕྱིར་ལོག་སྐབས་ཁྱོད་ལ་གཏང་འོང་ཟེར་ཏོ། ༣༦ མི་འདི་གསུམ་གྱི་ནང་ནས་ཇག་པའི་ལག་ཏུ་བསླེབས་པ་དེ་ལ་ཁྱིམ་མཚེས་འདྲ་བ་སུ་བྱུང་སེམས་ཞེས་གསུངས། ༣༧ དེས་སྙིང་རྗེ་བྱེད་མཁན་དེ་ཡིན་ནོ་ཞུས་པ་དང་། ཡེ་ཤུས་འོ་ན་སོང་ལ། ཁྱོད་ཀྱིས་ཀྱང་དེ་བཞིན་དུ་བྱོས་ཤིག་གསུངས་སོ༎
༣༨ དེ་ནས་ལམ་དུ་ཕེབས་པ་ལས། ཡུལ་ཚོ་ཞིག་ནང་ཕེབས་ནས། མར་ཐཱ་བྱ་བའི་བུད་མེད་ཅིག་གིས། ཁོང་དེའི་ཁྱིམ་ལ་གདན་ཞུས་སོ། ༣༩ དེའི་ནུ་མོ་མིར་ཡམ་བྱ་བ་གཙོ་བོའི་ཞབས་དྲུང་དུ་བསྡད་དེ། ཁོང་གི་གསུང་ལ་ཉན་ཏོ། ༤༠ མར་ཐཱ་ཞབས་ཕྱི་ཞུ་བའི་ལས་མང་པོས་གཡེངས་པས། ཁོང་གི་དྲུང་དུ་འོངས་ནས། གཙོ་བོ། ངའི་ནུ་མོས་ང་གཅིག་པུར་ཞབས་ཕྱི་ཞུ་འཇུག་པ་མི་གཟིགས་སམ། ང་ལ་རོགས་བྱེད་པའི་བཀའ་ཁོ་ལ་གནོང་ཞིག་ཞུས་ཀྱང་། ༤༡ གཙོ་བོས་བཀའ་ལན་དུ། མར་ཐཱམར་ཐཱ། ཁྱོད་ལ་བྱ་བ་མང་པོའི་སེམས་ཁྲལ་དང་ཁོང་འཁྲུགས་ཡོད། ༤༢ དགོས་ངེས་པ་གཅིག་སྟེ། མིར་ཡམ་གྱིས་སྐལ་བ་བཟང་པོ་དེ་འདམས་པ་ཡིན། དེ་མོ་ལས་མི་འཕྲོག་གསུངས་སོ༎