༡༡
ཡེ་ཤུ་ས་ཆ་ཞིག་ལ་ཐུགས་དམ་ལ་བཞུགས་ཏེ། ཐུགས་དམ་ཐོན་པ་དང་། ཉེ་གནས་ཤིག་གིས་གཙོ་བོ་ལགས། ཡོ་ཧ་ནན་གྱིས་རང་གི་སློབ་མ་ལ་བསླབས་པ་ལྟར། ང་ཚོ་ལའང་སྨོན་ལམ་འདེབས་ཚུལ་སློབ་ཏུ་གསོལ་ཞུས་པ་དང་།  ཁོང་གིས་འདི་སྐད་དུ། ཁྱེད་ཀྱིས་སྨོན་ལམ་འདེབས་ཙ་ན། ཡབ་ལགས། ཁྱེད་མཚན་དམ་པ་སྲུང་བར་ཤོག ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག  ངེད་ཀྱི་ཉི་མ་རེའི་ཁ་ཟས། དེ་རིང་ཡང་ནི་གནང་བར་མཛོད།  ངེད་ཀྱིས་གཞན་ཉེས་བསལ་བ་ལྟར། ངེད་ཀྱི་སྡིག་པ་སེལ་བར་མཛོད། ཉམས་སད་ནང་དུ་མ་འདྲེན་ཅིག་ཅེས་ཞུས་ཤིག
 ཁྱེད་ལས་གཅིག་ལ་གྲོགས་པོ་ཞིག་ཡོད་དེ། མཚན་ཕྱེད་ལ་དེའི་རྩར་སོང་ནས་ཁོ་ལ། གྲོགས་པོ།  ངའི་གྲོགས་པོ་ཞིག་བྱེས་ནས་བསླེབས་ཏེ། ང་ལ་སྟེར་རྒྱུ་ཅིའང་མེད་པས། བག་ལེབ་གསུམ་སྐྱིས་ནས་གཏོང་ཟེར་ན།  ནང་ནས་དེའི་ལན་དུ། ངའི་རྣ་བ་སུན་མ་ཆུག སྒོ་བརྒྱབ་ཚར། ང་མཉམ་ཕྲུ་གུ་རྣམས་ཉལ་ཡོད་པས། གཏོང་ཕྱིར་ལང་མི་ཐུབ་ཅེས་ཟེར་འོང་ངམ།  ཁོའི་གྲོགས་པོ་ཡིན་པའི་ཕྱིར་གཏོང་དུ་མི་ལང་ཡང་། ཨུ་ཚུག་ཕྱིར་ལངས་ནས་ཅི་ཙམ་དགོས་པ་གཏང་འོང་ཞེས་ངས་ཟེར།  སློང་ཞིག་དང་གནང་བར་འགྱུར། ཚོལ་ཞིག་དང་རྙེད་པར་འགྱུར། སྒོ་རྡུངས་ཤིག་དང་ཕྱེ་བར་འགྱུར་ཞེས་ངས་ཁྱེད་ལ་ཟེར། ༡༠ ཅིའི་ཕྱིར་ཞེ་ན། སློང་མཁན་ལ་ཐོབ། འཚོལ་མཁན་ལ་རྙེད། སྒོ་རྡུང་མཁན་ལ་ཕྱེ་བར་འགྱུར་རོ། ༡༡ ཁྱེད་ཀྱི་ནང་ན་ཕ་ཡིན་པ་ལ། བུས་ཉ་ཞིག་སློང་ན། ཉའི་ཚབ་ལ་སྦྲུལ་ཞིག་སྟེར་རམ། ༡༢ ཡང་ན་བུས་སྒོ་ང་ཞིག་སློང་ན། སྡིག་པ་རྭ་ཅན་སྟེར་རམ། ༡༣ ཁྱོད་ཚོ་ངན་པ་ཡིན་བཞིན་དུ་རང་ཕྲུག་ལ་དངོས་པོ་བཟང་པོ་གཏོང་བར་ཤེས་ན། ནམ་མཁའི་ཡབ་ཀྱིས་ཞུ་མཁན་ལ་དམ་པའི་ཐུགས་ཉིད་ལྷག་པར་མི་གནང་ངམ་ཞེས་གསུངས་སོ༎
༡༤ དེ་ནས་འགོང་པོ་ལྐུགས་པ་ཞིག་འདོན་པར་མཛད་ཅིང་། འགོང་པོ་ཐོན་ནས་ལྐུགས་པ་དེས་གཏམ་སྨྲས་སོ། མི་ཚོགས་ངོ་མཚར་དུ་གྱུར་ཀྱང་། ༡༥ ཁ་ཅིག་གིས་འདིས་ནི་འགོང་པོའི་གཙོ་བོ་བ་ཨཱལ་ཟེ་བུལ་གྱི་སྒོ་ནས་འགོང་པོ་སྐྲོད་དོ་སྨྲས་སོ། ༡༦ ཡང་འགའ་ཤས་ཀྱིས་ཐུགས་སད་ཅིང་ནམ་མཁའ་ནས་ལྟས་ཤིག་སྟོན་པར་ཞུས་ཀྱང་། ༡༧ དེ་ཚོའི་བསམ་པ་མཁྱེན་ནས་དེ་ཚོར། ནང་འཁྲུགས་ཡོད་པའི་རྒྱལ་ཁམས་སྟོངས་ཤིང་། ནང་འཁྲུགས་ཡོད་པའི་ཁང་པའང་སྟོངས་སོ། ༡༨ ཁྱེད་ཚོས་ངས་བ་ཨཱལ་ཟེ་བུལ་གྱི་སྒོ་ནས་འགོང་པོ་སྐྲོད་དོ་ཟེར་བ་ལྟར་ཡིན་ན། བདུད་རང་གི་ནང་དུ་ནང་འཁྲུགས་འབྱུང་བས། ཁོའི་རྒྱལ་སྲིད་ཇི་ལྟར་གནས་པར་འགྱུར། ༡༩ གལ་ཏེ་ངས་བ་ཨཱལ་ཟེ་བུལ་གྱི་སྒོ་ནས་འགོང་པོ་སྐྲོད་ན། ཁྱེད་ཚོའི་བུ་རྣམས་ཀྱིས་སུའི་སྒོ་ནས་སྐྲོད། དེའི་ཕྱིར་དེ་ཚོས་ཁྱེད་ཀྱི་བདེན་རྫུན་དབྱེ་བར་འགྱུར་རོ། ༢༠ ཇི་སྟེ་ངས་དཀོན་མཆོག་གི་ཕྱག་མཛུབ་ཀྱིས་འགོང་པོ་སྐྲོད་ན། དཀོན་མཆོག་གི་རྒྱལ་སྲིད་ཁྱེད་ཚོའི་རྩར་བསླེབས་ཟིན་ནོ། ༢༡ སྟོབས་ཆེན་ཞིག་གིས་མཚོན་ཆ་ཁུར་ནས་ཁྱིམ་སྲུང་ན། དེའི་ནོར་རྫས་ལ་གནོད་པ་མི་འབྱུང་། ༢༢ འོན་ཀྱང་ཁོ་ལས་སྟོབས་ཆེ་བ་ཞིག་འཚང་ནས་རྒྱལ་ན། དེས་བློ་གཏད་པའི་མཚོན་ཆ་རྣམས་ཕྲོག་ནས། བཅོམ་ནོར་བགོ་བཤའ་བྱེད་དོ། ༢༣ ང་དང་མཉམ་དུ་མེད་པ་དེ་ངའི་དགྲ་ཡིན། ང་དང་མཉམ་དུ་མི་བསྡུ་བ་དེས་གཏོར་རོ༎
༢༤ གདོན་ཞིག་མིའི་ནང་ནས་ཐོན་པའི་ཚེ། སྐམ་ས་རྣམས་སུ་འཁོར་ཞིང་། བདེ་བ་འཚོལ་ཡང་མི་བརྙེད། དེ་ནས་ཁོས་ང་ཐོན་འོངས་པའི་ཁང་པར་ལོག་འགྲོ་ཟེར་ཏེ། ༢༥ བསླེབས་ནས་གཙང་བ་དང་བཀོད་པ་ལེགས་པར་མཐོང་སྟེ། ༢༦ སོང་ནས་རང་ལས་ལྷག་པར་ངན་པའི་གདོན་གཞན་བདུན་ཁྲིད་ནས་དེའི་ནང་དུ་ཞུགས་ནས་གནས་པས། མི་དེའི་གནས་ཚུལ་སྔ་མ་བས་གདུག་ཏུ་འགྲོ་གསུངས་སོ༎
༢༧ འདི་གསུང་བའི་ཚེ། ཚོགས་ཀྱི་ནང་ནས་བུད་མེད་ཅིག་གིས་སྐད་ཆེན་པོས། ཁྱེད་བཞུགས་པའི་ལྷུམས་དང་། ཁྱེད་ཀྱིས་གསོལ་བའི་ནུ་མ་བདེའོ་ཞུས་ཀྱང་། ༢༨ ཁོང་གིས། དེ་བས་དཀོན་མཆོག་གི་བཀའ་ཐོས་ནས་སྲུང་བ་རྣམས་བདེའོ་གསུངས་སོ༎
༢༩ མི་ཚོགས་ཆེར་རྒྱས་པ་ལས། གསུང་གླེང་མཛད་ཅིང་། མི་རབས་འདི་ངན་པ་ཡིན་ཅིང་ལྟས་འཚོལ་ཡང་། ལུང་སྟོན་པ་ཡོ་ནཱ་ཡི་ལྟས་མ་གཏོགས་པར་གཞན་གཏོང་བར་མི་བྱ། ༣༠ ནི་ནི་ཝེ་པ་རྣམས་ཀྱི་ཕྱིར་ཡོ་ནཱ་ལྟས་ལ་གྱུར་པ་ལྟར། མིའི་བུའང་མི་རབས་འདིའི་ཕྱིར་ལྟས་ལ་འགྱུར་འོང་། ༣༡ ལྷོ་ཕྱོགས་ཀྱི་རྒྱལ་མོ་ས་གཞིའི་མཐའ་མ་ནས་རྒྱལ་པོ་ཤ་ལོ་མོ་ཡི་ཤེས་རབ་ཀྱི་ཚིག་ལ་ཉན་དུ་འོངས་པས། ཞལ་ཆེའི་ཉིན་མོར་མི་རབས་འདི་དང་མཉམ་དུ་ལང་ཞིང་འདི་ལ་ཁྲིམས་གཏོང་བར་འགྱུར། ཤ་ལོ་མོ་པས་ཆེ་བ་ཞིག་འདིར་ལྟོས། ༣༢ ནི་ནི་ཝེ་པ་རྣམས་ཀྱིས་ཡོ་ནཱས་ཆོས་བཤད་པ་ལས་སེམས་བསྒྱུར་པས། ཞལ་ཆེའི་ཉིན་མོར་མི་རབས་འདི་དང་མཉམ་དུ་ལང་ཞིང་འདི་ལ་ཁྲིམས་གཏོང་བར་འགྱུར། ཡོ་ནཱ་བས་ཆེ་བ་ཞིག་འདིར་ལྟོས།
༣༣ མར་མེ་སྤར་ནས་སྦ་ཁུང་ངམ་འབོའི་འོག་ཏུ་མི་འཇོག་པར། ནང་དུ་འོང་བ་རྣམས་ཀྱིས་འོད་མཐོང་ཕྱིར་སྟེགས་བུའི་ཁར་འཇོག་གོ། ༣༤ ཁྱོད་ཀྱི་མིག་ནི་ལུས་ཀྱི་མར་མེ་ཡིན། ཁྱོད་ཀྱི་མིག་བཟང་ན། ལུས་ཧྲིལ་པོ་འོད་ཅན་དུ་འགྱུར། ཁྱོད་ཀྱི་མིག་ངན་ན། ལུས་ཀྱང་མུན་པ་ཡིན་ནོ། ༣༥ ཁྱོད་ནང་ཡོད་པའི་འོད་དེ་མུན་པ་མིན་ནམ་ལྟོས། ༣༦ ཁྱོད་ཀྱི་ལུས་ཀྱི་ཆ་ཤས་གང་ཡང་མུན་པར་མ་ལུས་པར་ཧྲིལ་པོ་འོད་ཅན་ཡིན་ན། མར་མེའི་མདངས་ཀྱིས་ཁྱོད་ལ་འོད་གཏོང་བ་ལྟར་འོད་ཅན་དུ་འགྱུར་རོ་གསུངས་སོ༎
༣༧ དེ་སྐད་གསུངས་ནས། ཕ་རུ་ཤི་པ་ཞིག་གིས་ཁོང་གསོལ་བ་བཞེས་སུ་གདན་ཞུས་ནས། ནང་དུ་ཕེབས་ཏེ་བཞུགས་ནས། ༣༨ གསོལ་བ་བཞེས་པའི་སྔོན་ལ་ཕྱག་མི་བསིལ་བ་མཐོང་ནས། ཕ་རུ་ཤི་པ་དེ་ངོ་མཚར་དུ་གྱུར་ཏོ། ༣༩ གཙོ་བོས་ཁོ་ལ། ཁྱེད་ཕ་རུ་ཤི་པ་རྣམས་ཀྱིས་ཕོར་པ་དང་སྡེར་མའི་ཕྱི་དག་པར་བྱེད་ཀྱང་། ཁྱེད་ཚོའི་ནང་འཕྲོག་ཆོམ་དང་ངན་པས་གང་ནས་འདུག ༤༠ གླེན་པ་ཁྱོད། ཕྱི་མཛད་མཁན་དེས་ནང་ཡང་མ་མཛད་དམ། ༤༡ ནང་ན་ཡོད་པ་རྣམས་སྦྱིན་པར་གཏོང་ན། ཁྱེད་ལ་ཐམས་ཅད་གཙང་བར་འགྱུར་རོ༎
༤༢ ཁྱེད་ཕ་རུ་ཤི་པ་རྣམས་སྙིང་རེ་རྗེ། ཁྱེད་ཀྱིས་ཕོ་ལོ་ལིང་དང་གོ་སྙོད་དང་སྔོ་ཚོད་སྣ་ཚོགས་ཀྱི་བཅུ་ཁག་གཏོང་ཡང་། གཤགས་དྲང་པོ་དང་། དཀོན་མཆོག་ལ་བྱམས་པ་ནི་སྤོང་ངོ་། འདི་སྲུང་ལ་དེ་མི་སྤོང་བར་རིགས། ༤༣ ཁྱེད་ཕ་རུ་ཤི་པ་རྣམས་ཆོས་ཁང་ལ་གྲལ་མགོ་དང་། ཁྲོམ་དུ་ཕྱག་ལ་དགའ་བས། ༤༤ ཁྱེད་མི་མཐོང་བའི་རོ་ཁང་དང་འདྲ་སྟེ། མི་ཤེས་པར་མི་རྣམས་དེའི་སྟེང་ནས་འགྲུལ་བས་ཁྱེད་སྙིང་རེ་རྗེ་ཞེས་གསུངས་སོ༎
༤༥ བཀའ་ཁྲིམས་ཤེས་པ་གཅིག་གིས་ཞུ་ལན་དུ། སྟོན་པ་ལགས། འདི་ལྟར་གསུང་སྟེ་ངེད་ལའང་སྨད་དོ། ཞུས་པ་དང་། ༤༦ བཀའ་ཁྲིམས་ཤེས་པ་ཁྱེད་ཀྱིས། ཐེག་དཀའ་བའི་ཁུར་པོ་མི་ལ་འགེལ་ཞིང་། རང་གིས་མཛུབ་མོ་གཅིག་ཙམ་ཡང་མི་རེག་པས་ཁྱེད་ལ་སྙིང་རེ་རྗེ། ༤༧ ཁྱེད་ཀྱི་མེས་པོས་བསད་པའི་ལུང་སྟོན་པ་རྣམས་ཀྱི་སྤུར་ཁང་ཁྱེད་ཀྱིས་རྩིག ༤༨ མེས་པོས་བསད་དེ་ཁྱེད་ཀྱིས་རྩིག་པས། མེས་པོས་བྱས་པའི་ལས་ལ་འཆམ་ཞིང་དཔང་བྱེད་པས་སྙིང་རེ་རྗེ། ༤༩ དེའི་ཕྱིར་དཀོན་མཆོག་གི་ཡེ་ཤེས་ཀྱིས་ཀྱང་། ངས་ལུང་སྟོན་པ་དང་སྐུ་ཚབ་དེ་རྣམས་ཀྱི་རྩར་གཏང་སྟེ། དེ་རྣམས་ཀྱིས་ལ་ལར་བསད་ལ་ལར་འཚེ་བས། ༥༠-༥༡ ཧ་བེལ་གྱི་སྲོག་ལན་ནས་བཟུང་སྟེ། མཆོད་ཁང་དང་མཆོད་ཁྲིའི་བར་ལ་བསད་པའི་ཟ་ཀར་ཡཱའི་སྲོག་ལན་ཐུག འཇིག་རྟེན་བཀོད་པ་ནས་ཚུན་ལུང་སྟོན་པ་ཐམས་ཅད་ཀྱི་སྲོག་ལན་མི་རབས་འདི་ལས་ལེན་སྲིད་གསུངས། མི་རབས་འདི་རང་ནས་ལེན་པར་འགྱུར་རོ་ཞེས་ངས་ཟེར། ༥༢ བཀའ་ཁྲིམས་ཤེས་པ་ཁྱེད་ཀྱིས། ཤེས་རབ་ཀྱི་ལྡེ་མིག་ཕྲོགས་ནས། རང་ཡང་མ་ཞུགས། འཇུག་པར་དགའ་བ་རྣམས་ཀྱང་བཀག་པས་སྙིང་རེ་རྗེ་གསུངས་སོ། ༥༣ དེ་ནས་ཕེབས་པ་དང་། མཁན་པོ་དང་ཕ་རུ་ཤི་པ་རྣམས་ཀྱིས་ཁོང་བཙིར་ཞིང་། མང་པོའི་སྐོར་ལ་གསུང་དུ་འཇུག་ཅིང་། ༥༤ ཁོང་གི་ཞལ་ནས་ཐོན་པའི་ཚིག་ལ་འཛིན་ཕྱིར་སྒུག་གོ།