༡༢
དེའི་ཚེ་གཅིག་གིས་གཅིག་ལ་རྡོག་རྫིས་གཏོང་བ་ཙམ་གྱི་མི་ཚོགས་སྟོང་ཕྲག་ཁ་ཤས་འདུས་སོ། དང་པོར་ཉེ་གནས་རྣམས་ལ་ཡེ་ཤུས་འདི་སྐད་དུ། ཕ་རུ་ཤི་པའི་ཁ་ཆོས་ཡིན་པའི་སྐྱུར་རྩི་ལས་ཟོན་བྱོས་ཤིག ༢ མངོན་པར་མི་འགྱུར་བ་ཅིའང་སྦས་མེད། ཤེས་པར་མི་འགྱུར་བའི་གསང་བ་ཅིའང་མེད། ༣ ཁྱེད་ཀྱིས་མུན་པའི་ནང་སྨྲས་པ་དེ། འོད་ཀྱི་ནང་དུ་ཐོས་ཡོང་། ཁང་པའི་སྦུབས་སུ་རྣ་བར་ཤུབ་བུར་སྨྲ་བ་དེ། ཐོག་གའི་སྟེང་ནས་སྒྲག་པར་འགྱུར་རོ༎༤ ལུས་གསོད་ཀྱང་དེ་ལས་ལྷག་བྱེད་མི་ཐུབ་པ་རྣམས་ལ་མ་འཇིགས་ཤིག་གྲོགས་པོ་ཁྱེད་ལ་ངས་ཟེར། ༥ སུ་ལ་འཇིགས་དགོས་པ་དེ་ངས་ཁྱེད་ལ་སྟོན་ནོ། བསད་པའི་རྗེས་སུ་དམྱལ་བར་དབྱུག་པའི་དབང་ཡོད་པ་ཁོང་ལ་འཇིགས་ཤིག ངས་ཁྱོད་ལ་ཟེར་རོ་ཁོང་ལ་འཇིགས་ཤིག ༦ དོང་ཙེ་གཉིས་ལ་བྱིའུ་ལྔ་མི་བྲིན་ནམ། དེ་ནས་ཀྱང་དཀོན་མཆོག་གི་སྤྱན་སྔར་གཅིག་ཀྱང་མི་བརྗེད་པ་མ་ཟད། ༧ ཁྱེད་ཀྱི་མགོའི་སྐྲ་ཉག་རེ་རེ་བརྩིས་ཡོད་པས། མ་འཇིགས་ཤིག་བྱེའུ་མང་པོ་བས་ཁྱེད་ཀྱི་རིན་ཆེའོ༎
༨ མིའི་མདུན་དུ་ང་ཁས་བླང་བ་དེ། མིའི་བུས་ཀྱང་དཀོན་མཆོག་གི་ཕོ་ཉའི་མདུན་དུ་ཁས་བླང་འོང་ངས་ཟེར། ༩ མིའི་མདུན་དུ་ང་ཁས་མི་བླང་བ་དེ། དཀོན་མཆོག་གི་ཕོ་ཉའི་མདུན་དུ་ཁས་མི་བླང་ངོ་། ༡༠ མིའི་བུ་ལ་སྨད་པ་དེ་སེལ་བར་འགྱུར་གྱི། དམ་པའི་ཐུགས་ཉིད་ལ་སྐུར་པ་འདེབས་པ་དེ་སེལ་བར་མི་འགྱུར། ༡༡ མི་རྣམས་ཀྱིས་ཁྱེད་འདུ་ཁང་དང་། ཁྲིམས་དཔོན་དང་། དབང་སྒྱུར་མཁན་རྣམས་ཀྱི་མདུན་དུ་འཁྲིད་དུས་སུ། ཇི་ལྟར་རམ་ལན་ཇི་འདེབས་ཕྱིར་མ་ཚེར་ཞིག ༡༢ ཇི་ཟེར་དགོས་པ་དུས་ཚོད་དེ་རང་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ལ་བསླབ་འོང་ངོ་ཞེས་གདམས་སོ༎
༡༣ མི་ཚོགས་ཀྱི་ནང་ནས་གཅིག་གིས། སྟོན་པ་ལགས། ང་ལ་ནོར་སྐལ་གཏོང་ཕྱིར་ངའི་ཕུ་བོ་ལ་བཀའ་གནོང་ཞིག་ཞུས་པ་དང་། ༡༤ ཁོང་གིས་དེ་ལ། གྲོགས་པོ། ཁྱེད་ཀྱི་ཁྲིམས་དཔོན་ནམ་ནོར་བགོ་མཁན་ལ་ང་སུས་བསྐོས་གསུངས་ནས། ༡༥ དེ་ཚོར། བརྣབ་སེམས་ཀྱི་རིགས་ཐམས་ཅད་ལས་བག་ཟོན་བྱོས་ཤིག མི་ཞིག་གི་ཚེ་ནི་ནོར་མང་པོ་ལ་རགས་མི་ལས་གསུངས་སོ། ༡༦ དཔེ་སྟོན་ཞིང་འདི་སྐད་དུ། ཕྱུག་པོ་ཞིག་གི་གཞིས་ཀར་སྟོན་ཐོག་ལེགས་པ་བྱུང་བས། ༡༧ དེས་སྟོན་ཐོག་འཇོག་ས་མེད་པས་ཅི་བྱ་བསམ་དུས། ༡༨ འདི་ལྟར་བྱའོ་སྙམ་སྟེ། བང་ཁང་རྣམས་བཤིག་ནས། ཆེ་བར་བརྩིག་སྟེ། སྟོན་ཐོག་དང་ནོར་ཐམས་ཅད་འཇོག་པར་བྱའོ། ༡༩ དེ་ནས་ངས་ང་རང་ལ། ལོ་མང་པོའི་ཕྱིར་ནོར་མང་པོ་བསགས་ཡོད་པས། ལྷོད་དེར་སྡོད། ཟོ། འཐུང་། སྐྱིད་པོ་བྱོས་ཟེར་འོང་སྨྲས་སོ། ༢༠ འོན་ཀྱང་དཀོན་མཆོག་གིས་དེ་ལ། བླུན་པོ་ཁྱོད། མཚན་འདི་རང་ལ་ཁྱོད་ཀྱི་སྲོག་ལེན་འོང་བས། ཁྱོད་ཀྱིས་གྲབས་བཤམས་པ་རྣམས་སུས་བདག་འོང་གསུངས་སོ། ༢༡ རང་གི་ཕྱིར་ནོར་སོག་མཁན་ནི་འདི་དང་འདྲ་སྟེ། དཀོན་མཆོག་གི་གཟིགས་ངོར་ཕྱུག་པོ་མིན་ནོ་གསུངས་སོ༎
༢༢ ཉེ་གནས་རྣམས་ལ། དེའི་ཕྱིར་ཅི་ཟ། ཅི་གོན་སེམས་ཤིང་ལུས་དང་སྲོག་གི་ཕྱིར་མ་ཚེར་ཞིག་ཞེས་ངས་ཟེར། ༢༣ ཁ་ཟས་པས་སྲོག་དང་། གོས་པས་ལུས་ཁག་ཆེའོ། ༢༤ ཕོ་རོག་རྣམས་ལ་ལྟོས་ཤིག དེས་མི་རྨོ། མི་རྔ་། མཛོད་དང་བང་བ་མེད་ཀྱང་། དཀོན་མཆོག་གིས་ཁ་ཟས་གནང་ངོ་། བྱ་ལས་ཁྱེད་རིན་ཆེའོ། ༢༥ སེམས་ཚེར་གྱིས་རང་གི་མི་ཚེ་ལ་ཁྲུ་གང་འཐུད་ཐུབ་པ་ཁྱོད་ཀྱི་ནང་ན་སུ་ཡོད། ༢༦ བྱ་བ་ཆུང་ངུ་ལས་ཆུང་ངུ་ཞིག་བྱེད་མི་ཐུབ་ན། གཞན་རྣམས་ཀྱི་ཕྱིར་ཅི་ལ་ཚེར། ༢༧ དྲེས་མ་ལ་ལྟོས། དེས་མི་འཁལ་མི་འཐག་ཀྱང་། རྒྱལ་པོ་ཤ་ལོ་མོ་ཡོངས་སུ་ཟིལ་དང་ལྡན་པའི་ཚེའང་དེ་རྣམས་ལས་གཅིག་དང་འདྲ་བ་མ་གྱོན་ཞེས་ངས་ཟེར། ༢༨ དེ་རིང་ཐང་གར་ཡོད་དེ་སང་ཉིན་ཐབ་ནང་གདབ་རྒྱུ་ཡིན་པའི་རྩྭ་ལ་དཀོན་མཆོག་གིས་དེ་འདྲ་སྐོན་པར་མཛད་ན། དད་ཆུང་ཁྱོད་ལ་ལྷག་པར་མི་མཛད་དམ། ༢༩ ཅི་ཟ་ཅི་འཐུང་དེའང་མ་སྙེགས་ཤིག མ་ཚེར་ཞིག ༣༠ དེ་རྣམས་ཕྱི་པ་ཐམས་ཅད་ཀྱིས་འཚོལ་ལོ། ཁྱོད་ལ་དེ་རྣམས་དགོས་པ་ཁྱེད་ཀྱི་ཡབ་ཀྱིས་མཁྱེན་ནོ། ༣༡ དེའི་ཚབ་ལ་ཁོང་གི་རྒྱལ་སྲིད་ཚོལ་ཞིག་དང་། དེ་རྣམས་ཀྱང་ཐོབ་པར་འགྱུར། ༣༢ ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ལ་རྒྱལ་སྲིད་གནང་བར་དགྱེས་པས། ཀྱེ་ཁྱུ་ཆུང་བ་ཚོ། མ་འཇིགས་ཤིག ༣༣ ཁྱེད་ལ་ཇི་ཡོད་པ་བཙོངས་ནས་སྦྱིན་པར་ཐོང་། རྙིང་བར་མི་འགྲོ་བའི་དངུལ་ཁུག་བཟོ་ཞིག མི་ཟད་པའི་ནོར་ནམ་མཁའ་ལ་སོགས་ཤིག དེ་རུ་རྐུན་མའང་མི་སླེབ། མུག་པས་ཀྱང་མི་ཟའོ། ༣༤ ཅིའི་ཕྱིར་ཞེ་ན། གང་ན་ཁྱེད་ཀྱི་གཏེར་ཡོད་ན། དེ་ན་ཁྱེད་ཀྱི་སྙིང་ཡང་ཡོད།
༣༥ སྐ་རགས་བཅིངས་ཏེ་མར་མེ་སྤར་ནས་ཞོག ༣༦ དཔོན་པོ་བག་སྟོན་ནས་ལོག་ཅིང་སྒོ་རྡུང་མ་ཐག་ཏུ། འབྱེད་པའི་ཕྱིར་སྒུག་པའི་མི་དང་འདྲ་བར་གྱུར་ཅིག ༣༧ དཔོན་པོ་ལོག་དུས་སུ་སྒུག་པར་མཐོང་བའི་གཡོག་པོ་བདེའོ། དཔོན་པོས་རང་གི་སྐ་རགས་བཅིངས་ཏེ་དེ་དག་སྡོད་བཅུག་ནས། མདུན་དུ་འོངས་ཏེ། ཁ་ཟས་དྲང་བར་འགྱུར། ཞེས་ངས་བདེན་པར་ཟེར། ༣༨ མཚན་གྱི་ཐུན་གཉིས་པའམ་གསུམ་པར་འོངས་ཏེ་དེ་ལྟར་མཐོང་བའི་གཡོག་པོ་བདེའོ། ༣༩ ཁྱིམ་བདག་གིས་རྐུན་མ་ཆུ་ཚོད་ཇི་ཙམ་ལ་འོང་བ་ཤེས་ན། མེལ་ཚེ་བྱེད་ཅིང་ཁང་པར་འཛུལ་དུ་མི་འཇུག་པ་ཁྱེད་ཀྱིས་ཤེས་སོ། ༤༠ ཁྱེད་ཀྱིས་མ་བསམ་པའི་དུས་ཚོད་ལ་མིའི་བུ་འབྱོན་འོང་བས། ཁྱེད་ཀྱང་གྲ་འགྲིག་བྱས་ནས་སྡོད་ཅིག་གསུངས་སོ༎
༤༡ པེ་ཏྲོས། གཙོ་བོ་ལགས། དཔེ་འདི་ང་ཚོའི་དོན་དུ་གསུང་ངམ། ཚང་མའི་དོན་དུ་གསུང་ཞུས་པ་དང་། ༤༢ གཙོ་བོས་གསུངས་པ། དུས་ཐོག་འཁོར་གཡོག་ལ་ཟས་སྐལ་སྟེར་བར། དཔོན་པོས་རང་གི་ཁང་པར་བསྐོས་པའི་གཉེར་པ་དྲང་ཞིང་མཁས་པ་སུ་ཡིན། ༤༣ དཔོན་པོ་འོང་དུས་སུ། དེ་བཞིན་དུ་བྱེད་པར་མཐོང་བའི་གཡོག་པོ་བདེའོ། ༤༤ ཅི་ཡོད་ཐམས་ཅད་དེ་ལ་གཏད་འོང་ཞེས་ངས་བདེན་པར་ཟེར། ༤༥ གལ་ཏེ་གཡོག་པོ་དེས་རང་གི་སྙིང་ནང་། དཔོན་པོ་འགོར་རོ་ཟེར་ནས། བྲན་པོ་བྲན་མོ་རྣམས་ལ་རྡུང་བ་དང་། ཟ་འཐུང་རོལ་ཞིང་ར་བཟི་ན། ༤༦ དེས་མི་བསམ་པའི་ཞག་དང་། དེ་ལ་ཆ་མེད་པའི་དུས་ཚོད་ལ་དཔོན་པོ་འོངས་ནས། དྲག་པོར་རྡུང་སྟེ་གཞུང་མི་བཟང་བ་རྣམས་དང་མཉམ་དུ་འཇོག་པར་འགྱུར་རོ། ༤༧-༤༨ སུས་མ་ཤེས་པར་རྟ་ལྕག་འཕོག་འོས་པའི་ལས་བྱས་པར། རྟ་ལྕག་ཉུང་བ་འཕོག་ཀྱང་། དཔོན་པོའི་དགོངས་པ་ཤེས་ཀྱང་གྲ་མ་སྒྲིགས་པར། དེའི་འདོད་པ་བཞིན་དུ་མ་བྱས་པའི་གཡོག་པོ་རྣམས་ལ། རྟ་ལྕག་མང་པོ་འཕོག་འོང་། སུ་ལ་མང་པོ་བཏང་བ་ལས་མང་པོ་ལེན་པར་འགྱུར། སུ་ལ་མང་པོ་བཏད་པ་དེས་མང་པོ་འཇལ་དགོས་སོ༎
༤༩-༥༠ ང་ནི་ས་གཞི་ལ་མེ་སྤར་དུ་འོངས་པས། འབར་ན་ཅི་མ་རུང་། ངས་ཁྲུས་ཤིག་ལེན་དགོས་ཡོད། དེ་མ་འགྲུབ་པའི་བར་དུ་ང་འུ་ཐུག་གོ། ༥༡ ང་ས་གཞིར་མཐུན་པ་སྦྱིན་པར་འོངས་སེམས་སམ། དེ་ལྟར་མིན་ཞེས་ངས་ཟེར། མི་མཐུན་པ་སྦྱིན་པར་འོངས་པ་ཡིན། ༥༢ ད་ཕྱིན་ཁང་པ་གཅིག་གི་མི་ལྔ་འཁྲུགས་ནས། གསུམ་གྱིས་གཉིས་དང་། གཉིས་ཀྱིས་གསུམ་ལ་རྒོལ་འོང་། ༥༣ ཕས་བུ་དང་བུས་ཕ་ལ། མས་བུ་མོ་དང་བུ་མོས་མ་ལ། སྒྱུག་མོས་མནའ་མ་དང་མནའ་མས་སྒྱུག་མོ་ལ་རྒོལ་འོང་ངོ་གསུངས།
༥༤ དེ་ནས་ཁོང་གིས་མི་ཚོགས་ལའང་། ནུབ་ཕྱོགས་ནས་སྤྲིན་འཁོར་བ་མཐོང་མ་ཐག་ཏུ། ཁྱེད་ཀྱིས་ཆར་པ་འབབ་འོང་ཟེར་ནས་དེ་བཞིན་དུ་འབྱུང་ངོ་། ༥༥ ལྷོའི་རླུང་ལང་བར་མཐོང་ན། ཚིག་པའི་ཚད་པ་འབྱུང་འོང་ཟེར་ནས་དེ་བཞིན་དུ་འབྱུང་ངོ་། ༥༦ ཁ་ཆོས་པ་ཁྱེད་ཀྱིས་གནམ་དང་སའི་ཚུལ་གྱི་ཁྱད་པར་ཕྱེ་ཡང་། དུས་འདིའི་ཁྱད་པར་མི་ཤེས་པ་ཅི་ཡིན།
༥༧ ཁྱེད་རང་གིས་གང་རིགས་པ་ཅིས་ཐག་མི་གཅོད། ༥༨ རང་གི་གཤགས་ཡ་མཉམ་ཁྲིམས་དཔོན་གྱི་རྩར་འགྲོ་དུས་སུ། ལམ་ལ་དེ་དང་མཐུན་པའི་བརྩོན་འགྲུས་བྱོས་ཤིག དེ་མིན་གཤགས་ཡས་ཁྱོད་ཁྲིམས་དཔོན་གྱི་དྲུང་དུ་ཁྱེར་ཏེ། ཁྲིམས་དཔོན་གྱིས་ཁྲིམས་གཡོག་གི་ལག་ཏུ་བཏད་དེ། ཁྲིམས་གཡོག་གིས་ཁྱོད་བཙོན་དུ་འཇུག་ཉེན་ཡོད། ༥༩ དོང་ཙེ་ཐམས་ཅད་མ་བཅལ་བའི་བར་དུ་ཁྱོད་ཇི་ནས་ཀྱང་བཙོན་ཁང་དེ་ནས་ཐར་བར་མི་འགྱུར་ཞེས་ངས་ཟེར་གསུངས་སོ༎