༡༣
དུས་དེ་རང་ལ་མི་རེ་ཁོང་གི་དྲུང་དུ་ཡོད་དེ། པི་ལ་ཏུས་ག་ལིལ་པ་རྣམས་ཀྱི་ཁྲག་དེ་ཚོའི་དམར་མཆོད་ནང་བསྲེས་པའི་ལོ་རྒྱུས་ཞུས་པ་དང་།  ཁོང་གིས་བཀའ་ལན་དུ། ག་ལིལ་པ་དེ་ཚོས་སྡུག་བསྔལ་མྱངས་པས། ག་ལིལ་པ་གཞན་ལས་ལྷག་པའི་སྡིག་ཅན་ཡིན་བསམ་མམ།  ངས་ཟེར་ན་མ་ཡིན། ཁྱེད་ཚོས་སེམས་མ་སྒྱུར་ན། དེ་རྣམས་ལྟར་འཆི་བར་འགྱུར་རོ།  ཡང་ན་ཤི་ལོ་ཨའི་མཁར་བརྡིབས་ནས་བསད་པའི་མི་བཅོ་བརྒྱད་དེ། ཡེ་རུ་ཤ་ལེམ་པ་གཞན་ལས་ཉེས་ཅན་ཡིན་བསམ་མམ།  ངས་ཟེར་ན་མ་ཡིན། ཁྱེད་ཚོས་སེམས་མ་སྒྱུར་ན། དེ་རྣམས་ལྟར་འཆི་བར་འགྱུར་རོ་གསུངས་སོ༎
 དཔེ་འདི་གསུངས་པ། མི་ཞིག་གིས་རང་གི་རྒུན་ཚལ་དུ་སེ་ཡབ་ཤིང་ཞིག་བཙུགས་ཏེ། ཤིང་ཏོག་བཙལ་དུ་འོངས་ནས། མ་ཐོབ་པ་དང་།  ཚལ་མཁན་ལ། ང་ལོ་གསུམ་པོ་འདིའི་རིང་ལ་སེ་ཡབ་ཤིང་ཏོག་བཙལ་དུ་འོངས་ནས་མ་ཐོབ་པས། ད་ཆོད་ཅིག་ས་ཆ་ཅི་ལ་འགེགས་པར་བྱེད་སྨྲས་པ་དང་།  དེས་ལན་དུ་ཇོ་བོ། ངས་འདིའི་མཐའ་འཁོར་ལ་ས་བརྐོས་ནས་ལུད་གཏང་བའི་ཕྱིར། ད་ལོའང་འཇོག་པར་མཛོད་ཅིག  ཤིང་ཏོག་ཆགས་ན་ལེགས་ཏེ་མི་ཆགས་ན་གཅོད་པས་ཆོག་ཞུས་གསུངས་སོ༎
༡༠ ཤབ་བཱད་ཀྱི་ཞག་ལ་འདུ་ཁང་ཞིག་ཏུ་ཆོས་སྟོན་པའི་ཚེ། ༡༡ རྒུད་པར་བྱེད་པའི་འགོང་པོ་ཞུགས་ནས་ལོ་བཅོ་བརྒྱད་སོང་སྟེ། ལུས་དགུར་ཏེ་སྲོང་མི་ཐུབ་པའི་བུད་མེད་ཅིག་ཡོད་དོ། ༡༢ ཡེ་ཤུས་དེ་གཟིགས་ནས་མོ་ལ་བོས་པར་མཛད་དེ། བུད་མེད་ཁྱོད་ནད་ལས་ཐར་ཟིན་ནོ་གསུང་ཞིང་། ༡༣ མགོ་ལ་ཕྱག་བཞག་པ་ཙམ་གྱིས། ལུས་དྲང་པོར་གྱུར་ཏེ་དཀོན་མཆོག་ལ་བསྟོད་བསྔགས་སོ། ༡༤ ཡེ་ཤུས་ཤབ་བཱད་ཀྱི་ཞག་ལ་ནད་སོས་པར་མཛད་པས། འདུ་ཁང་གི་དབུ་མཛད་ཁྲོས་ནས་མི་ཚོགས་ལ། ལས་བྱེད་ཆོག་པའི་ཞག་དྲུག་ཡོད་པས། དེའི་རིང་ནད་ལ་ཕན་པའི་ཕྱིར་འོང་བར་རིགས་ཏེ། ཤབ་བཱད་ཀྱི་ཞག་ལ་མ་འོང་ཞིག་སྨྲས་པ་དང་། ༡༥ གཙོ་བོས་བཀའ་ལན་དུ། ཁ་ཆོས་པ་ཁྱོད་ཚོ། རེ་རེས་ཤབ་བཱད་ཀྱི་ཞག་ལ་གླང་ངམ་བོང་བུ་བྲེས་ནས་བཀྲོལ་ཏེ་ཆུ་སྟེར་བར་མི་འཁྲིད་དམ། ༡༦ ལོ་བཅོ་བརྒྱད་ནས་ཚུན་དུ་བདུད་ཀྱིས་བཅིང་བའི་ཨབ་ར་ཧམ་གྱི་བུ་མོ་འདི་འང་། ཤབ་བཱད་ཀྱི་ཞག་ལ་འཆིང་བ་འདི་ལས་སྒྲོལ་བར་མི་རིགས་སམ། ༡༧ ཁོང་གིས་འདི་གསུངས་པ་དང་ཁོང་གི་དགྲ་བོ་རྣམས་ངོ་ཚ་བར་གྱུར་ཏོ། མི་ཚོགས་ཀྱིས་ཁོང་གི་ཕྲིན་ལས་དཔལ་དང་ལྡན་པར་ཡི་རངས་སོ༎
༡༨ ཁོང་གིས་གསུངས་པ། དཀོན་མཆོག་གི་རྒྱལ་སྲིད་ཅི་དང་འདྲ། ཅི་དང་སྡུར་བར་བྱ། ༡༩ ཡུངས་འབྲུ་དང་འདྲའོ། དེ་མི་ཞིག་གིས་ཚལ་དུ་བཏབ་ནས། སྐྱེས་ནས་སྡོང་པོར་གྱུར་ཏེ། གནམ་གྱི་བྱ་རྣམས་དེའི་ཡལ་གའི་གསེབ་ཏུ་གནས་སོ༎
༢༠ དཀོན་མཆོག་གི་རྒྱལ་སྲིད་ཅི་དང་སྡུར་བར་བྱ། ༢༡ སྐྱུར་རྩི་དང་འདྲའོ། བུད་མེད་གཅིག་གིས་དེ་བག་ཕྱེ་འབོ་གསུམ་ནང་བསྲེས་ནས། རིམ་པར་ཐམས་ཅད་ལ་སྐྱུར་ལང་ངོ་༎
༢༢ ཁོང་གྲོང་ཁྱེར་དང་ཡུལ་ཚོ་རྣམས་སུ་ཆོས་སྟོན་ཞིང་ཡེ་རུ་ཤ་ལེམ་གྱི་ཕྱོགས་སུ་ཕེབས་ཀྱིན་ཡོད་པ་ལས། ༢༣ མི་ཞིག་གིས། གཙོ་བོ་ལགས། མི་ཉུང་ངུ་ཞིག་མིན་པར་སྐྱབ་པར་མི་འགྱུར་རམ། ཞུས་པ་དང་། ༢༤ ཁོང་གིས། སྒོ་དོག་མོ་ནས་ནང་དུ་འཇུག་པ་ལ་བརྩོན་ཞིག ནང་དུ་འཇུག་པའི་ཕྱིར་མང་པོས་བརྩོན་ཡང་མི་ཐུབ་ངས་ཟེར། ༢༥ ཁང་བདག་ལངས་ནས་སྒོ་བརྒྱབས་པའི་རྗེས་སུ། ཁྱོད་ཕྱི་རོལ་དུ་ལུས་ཏེ། སྒོ་རྡུང་གིན། ཇོ་བོ། ང་ཚོར་སྒོ་འབྱེད་དུ་གསོལ་ཞུ་བ་དང་། ཁོང་གིས་ཁྱོད་སུ་ཡིན་ངས་མི་ཤེས་གསུང་འོང་། ༢༦ ཁྱོད་ཚོས་ཁོང་ལ། ང་ཚོས་ཁྱེད་ཀྱི་དྲུང་དུ་ཟ་ཞིང་འཐུངས་པ་ཡིན། ང་ཚོའི་ལམ་སྲང་རྣམས་སུ་ཁྱེད་ཀྱི་ཆོས་བསྟན་པ་ཡིན་ཞེས་ཞུ་བར་འགྱུར་ཀྱང་། ༢༧ ཁོང་གིས་ཁྱོད་སུ་ཡིན་ངས་མི་ཤེས་སྡིག་སྤྱོད་ཐམས་ཅད་ཕར་སོང་ཞིག་གསུང་བར་འགྱུར་རོ། ༢༨ ཨབ་ར་ཧམ་དང་། ཨི་སཱག་དང་ཡ་ཀོབ་དང་། ལུང་སྟོན་པ་ཐམས་ཅད་དཀོན་མཆོག་གི་རྒྱལ་སྲིད་ནང་ན་ཡོད་པ་དང་། ཁྱོད་ཕྱི་རོལ་དུ་བཏོན་པ་མཐོང་བའི་ཚེ། ཁྱོད་ངུ་ཞིང་སོ་འཁྲིགས་པར་འགྱུར། ༢༩ ཤར་ལྷོ་ནུབ་བྱང་ནས་སྐྱེས་བུ་རྣམས་འོངས་ཤིང་དཀོན་མཆོག་གི་རྒྱལ་སྲིད་ལ་ལོངས་སྤྱོད་པར་འགྱུར་རོ། ༣༠ མཐའ་མ་ཡིན་པ་ལ་ལ་དང་པོར་འགྱུར། དང་པོ་ཡིན་པ་ལ་ལ་མཐའ་མར་འགྱུར་རོ༎
༣༡ དུས་ཚོད་དེ་རང་ལ་ཕ་རུ་ཤི་པ་རེས་འོངས་ནས་ཁོང་ལ། ཧེ་རོ་དཱེས་ཁྱེད་འགྲོང་བར་འདོད་པས། འདི་ནས་ཕར་གཤེགས་ཤིག་ཞུས་པ་དང་། ༣༢ ཁོང་གིས་དེ་ཚོར་སོང་ལ་ཝ་མོ་དེ་ལ་འདི་ལྟར་ཟེར། ངས་དེ་རིང་དང་སང་ཉིན་འགོང་པོ་སྐྲོད་ཅིང་གསོ་བའི་ལས་བྱེད་དེ། ཞག་གསུམ་པ་ལ་རྫོགས་པར་འགྱུར་རོ། ༣༣ ལུང་སྟོན་པ་ནི་ཡེ་རུ་ཤ་ལེམ་གྱི་ཕྱི་རོལ་དུ་འཆི་མི་སྲིད་པས། དེ་རིང་དང་སང་དང་གནངས་རང་གི་ལམ་ལ་འགྲོ་བ་གལ་ཆེའོ་གསུངས་སོ། ༣༤ ཡེ་རུ་ཤ་ལེམཡེ་རུ་ཤ་ལེམ། ལུང་སྟོན་པ་བསད་མཁན་དང་། ཁྱོད་རྩར་མངགས་པ་རྡོ་རུབ་ལ་བཏང་མཁན་ཁྱོད། བྱ་མོས་བྱ་ཕྲུག་གཤོག་པའི་འོག་ཏུ་བསྡུ་བ་ལྟར། ལན་ཇི་ཙམ་ངས་ཁྱོད་ཀྱི་ཕྲུ་གུ་རྣམས་བསྡུ་བར་དགའ་ཡང་། ཁྱོད་མ་དགའོ། ༣༥ ཁྱོད་ཀྱི་ཁང་པ་ཁྱོད་ཕྱིར་སྟོངས་པར་གྱུར། གཙོ་བོའི་ཕྱོགས་ནས་འབྱོན་པ་བཀྲ་ཤིས་ཞེས་ཁྱོད་ཀྱིས་མི་ཞུ་བའི་བར་དུ། ཁྱོད་ཀྱིས་ང་མི་མཐོང་ཞེས་ངས་ཟེར་གསུངས་སོ༎