༡༤
ཤབ་བཱད་ཀྱི་ཞག་ལ་ཁོང་ཕ་རུ་ཤི་པའི་དཔོན་པོ་ཞིག་གི་ཁྱིམ་དུ་གསོལ་བ་བཞེས་པར་ཕེབས་པ་དང་། མི་རྣམས་ཀྱིས་ཁོང་ལ་བལྟས་སོ།  སྐུ་མདུན་དུ་དམུ་ཆུ་ཡོད་པ་ཞིག་ཡོད་དེ།  ཡེ་ཤུས་བཀའ་ཁྲིམས་ཤེས་པ་དང་ཕ་རུ་ཤི་པ་རྣམས་ལ། ཤབ་བཱད་ཀྱི་ཞག་ལ་ནད་གསོ་ཆོག་གམ་མི་ཆོག་བཀའ་འདྲི་མཛད་ཀྱང་།  དེ་ཚོས་ཁ་རོག་བསྡད་དོ། ཁོང་གིས་མི་དེ་བཟུང་ནས་གསོ་བར་མཛད་དེ་འགྲོ་རུ་གནང་ངོ་།  དེ་ནས་མི་རྣམས་ལ། ཁྱེད་སུ་ཞིག་གི་བོང་བུའམ་གླང་དོང་ནང་ལྷུང་ན། ཤབ་བཱད་ཀྱི་ཞག་ལའང་མྱུར་དུ་མི་འདོན་པ་སུ་ཡོད་གསུངས་པ་དང་།  དེ་རྣམས་ཀྱིས་ལན་ཞུ་བར་མ་ནུས་སོ༎
 མགྲོན་པོ་རྣམས་གྲལ་མགོ་ལ་དགའ་བ་གཟིགས་པས། དཔེ་བླངས་ནས་འདི་སྐད་དུ།  ཁྱོད་བག་སྟོན་ལ་འབོད་དུས་སུ། གྲལ་འགོ་ལ་མ་སྡོད། སྡོད་ན་ཁྱོད་ལས་ཆེ་བ་ཞིག་བོས་ཡོད་ན།  སྦྱིན་བདག་འོངས་ནས་ཁྱོད་ལ། ཁོང་ལ་བཞུགས་ས་ཐོང་ཟེར་ཏེ། ཁྱོད་ངོ་ཚ་ཞིང་གྲལ་མཇུག་ཏུ་བསླེབ་ཉེན་ཡོད། ༡༠ ཁྱོད་མགྲོན་ལ་འབོད་པའི་ཚེ། གྲལ་མཇུག་ལ་སྡོད་ཅིག དེ་ནས་སྦྱིན་བདག་འོངས་ནས་ཁྱོད་ལ་གྲོགས་པོ། གོང་དུ་ཕེབས་ཤིག་ཟེར་ཏེ། མགྲོན་པོ་ཐམས་ཅད་ཀྱི་མདུན་དུ་སྟི་སྟང་འབྱུང་འོང་། ༡༡ རང་མཐོ་བར་བྱེད་པ་དེ་དམའ་བར་འགྱུར། དམའ་བར་བྱེད་པ་དེ་མཐོ་བར་འགྱུར་གསུངས་སོ། ༡༢ སྦྱིན་བདག་ལའང་། དྲོའམ་དགོངས་ཟས་གཏོང་སྐབས་སུ། གྲོགས་པོའམ། སྤུན་ནམ། གཉེན་ནམ། ཁྱིམ་མཚེས་ཕྱུག་པོ་མ་འབོད་ཅིག འབོད་ན་དེ་རྣམས་ཀྱིས་ཁྱོད་ཀྱང་འབོད་ནས་མགྲོན་ལན་འཇལ་འོང་། ༡༣ མགྲོན་གཏོང་བའི་ཚེ། དབུལ་པོ་དང་། ཞ་རིལ་དང་། ཞ་བོ་དང་། ལོང་བ་བོས་ཤིག ༡༤ དེ་རྣམས་ལ་མགྲོན་ལན་འཇལ་རྒྱུ་མེད་པས་ཁྱོད་བདེའོ། དྲང་པོ་རྣམས་གསོན་པོར་ལང་དུས་སུ་ཁྱོད་ལ་དྲིན་ལན་ཐོབ་པར་འགྱུར་གསུངས་སོ༎
༡༥ མགྲོན་པོ་ལས་གཅིག་གིས་དེ་ཐོས་ནས་ཁོང་ལ། དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཁ་ཟས་ལ་ལོངས་སྤྱོད་པ་དེ་བདེའོ་ཞུས་པ་དང་། ༡༦ ཁོང་གིས་དེ་ལ་གསུངས་པ། མི་ཞིག་གིས་མགྲོན་ཆེན་པོ་ཞིག་བཤམས་ནས་མི་མང་པོ་བོས་སོ། ༡༧ མགྲོན་གྱི་དུས་སུ་བོས་པ་རྣམས་ལ། ཐམས་ཅད་གྲ་འགྲིག་ཡོད་པས་ཤོག་ཅིག་ཟེར་དུ་གཡོག་པོ་བཏང་བ་དང་། ༡༨ ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྙད་བཏགས་ནས། དང་པོས་གཡོག་པོ་ལ། ངས་ཞིང་ཞིག་ཉོས་ཡོད་པས། ལྟ་བར་འགྲོ་དགོས་གལ་ཆེ་བས། དགོངས་པ་གནོང་ཞིག་སྨྲས་སོ། ༡༩ གཉིས་པས། ངས་གླང་དོར་ལྔ་ཉོས་ཡོད་པས། ཚོད་ལྟ་རུ་འགྲོ་དགོས་པས། དགོངས་པ་གནོང་ཞིག་སྨྲས་སོ། ༢༠ གཞན་ཞིག་གིས། ངས་བག་མ་བླངས་ཡོད་པས། འོང་མི་ཐུབ་ཟེར་ཏོ། ༢༡ གཡོག་པོ་དེ་ལོག་ནས་དཔོན་པོ་ལ་བཤད་པ་དང་། ཁྱིམ་བདག་དེ་ཁྲོས་ནས་གཡོག་པོ་ལ། མྱུར་དུ་གྲོང་ཁྱེར་གྱི་ཁྲོམ་དང་ལམ་སྲང་རྣམས་ལ་སོང་ལ། དབུལ་པོ་དང་། ཞ་རིལ་དང་། ལོང་བ་དང་། ཞ་བོ་རྣམས་ཁྲིད་ཤོག་སྨྲས་སོ། ༢༢ དེ་ནས་གཡོག་པོས། ཇོ་བོ། བཀའ་བཞིན་ཞུས་ནས་ཀྱང་། ད་དུང་གྲལ་མ་གང་ཞུས་པ་དང་། ༢༣ དཔོན་པོས། རྒྱ་ལམ་དང་ར་བ་རྣམས་ལ་སོང་ལ་ངའི་ཁང་པ་གང་བའི་ཕྱིར་འོང་བར་ཨུ་ཚུགས་བྱོས་ཤིག ༢༤ སྔར་བོས་པ་རྣམས་ཀྱི་ནང་ནས་གཅིག་གིས་ཀྱང་ངའི་མགྲོན་མྱོང་བར་མི་འགྱུར་ཞེས་ངས་ཟེར་སྨྲས་སོ༎
༢༥ མི་ཚོགས་ཁོང་མཉམ་དུ་སོང་བ་ལས། ཁོང་གིས་དེ་རྣམས་གཟིགས་ནས་འདི་སྐད་དུ། ༢༦ གལ་ཏེ་སུ་ཞིག་ངའི་རྩར་འོང་ཡང་། ཕ་མ་དང་། བུ་སྨད་དང་། མིང་སྲིང་རྣམས་མ་ཟད་རང་གི་སྲོག་ལའང་ཆགས་པ་མ་སྤང་ན། ངའི་ཉེ་གནས་མིན། ༢༧ རང་གི་རྐྱང་ཤིང་འཁུར་ཞིང་ངའི་རྗེས་སུ་མི་འབྲང་མཁན་དེ། ངའི་ཉེ་གནས་མིན། ༢༨ ཁྱེད་སུ་ཞིག་གིས་མཁར་ལས་བྱེད་པར་འདོད་ན། སྔོན་ལ་བསྡད་ནས་དེ་བསྒྲུབ་པར་འགྲོ་སོང་འདང་བ་ཡོད་དམ་མེད་པའི་རྩིས་མི་བྱེད་དམ། ༢༩ དེ་མིན་རྨང་བཏིང་ནས་སྒྲུབ་མ་ཐུབ་ན། དེ་མཐོང་བ་ཚོས། ༣༠ མི་འདིས་མཁར་ལས་མགོ་བཙུགས་ཀྱང་སྒྲུབ་པར་མ་ནུས་སོ་ཟེར་ཞིང་འཕྱ་ཉེན་ཡོད་དོ། ༣༡ ཡང་ན་རྒྱལ་པོ་ཞིག་གིས་རྒྱལ་པོ་གཞན་ཞིག་ལ་འཐབ་ཏུ་འགྲོ་བ་ལས། སྔོན་ལ་བསྡད་ནས་དམག་ཉིས་ཁྲི་འཁྲིད་ནས་ཚུར་རྒོལ་དུ་འོང་བ་ལ། དམག་ཁྲི་གཅིག་གིས་ཐུབ་བམ་མི་ཐུབ་པའི་གྲོས་མི་བྱེད་དམ། ༣༢ མི་ཐུབ་པར་སེམས་ན། གཞན་དེ་ཐག་རིང་ན་ཡོད་རིང་ཕོ་ཉ་བཏང་ནས། ཞི་མཐུན་ཕྱིར་གཏམ་ཞུའོ། ༣༣ དེ་ལྟར་ཁྱེད་སུས་ཀྱང་རང་ལ་གང་ཡོད་པ་ཐམས་ཅད་མི་སྤོང་བ་དེ། ངའི་ཉེ་གནས་མིན་ནོ༎
༣༤ ཚྭ་ལེགས་ཀྱང་། ཚྭའི་བྲོ་བ་ཡལ་ན། ཅི་ཡིས་ལན་ཚྭ་བར་བྱ། ༣༥ དེ་ཞིང་ལའང་མི་ཕན་ལུད་ལའང་མི་ཕན་པས། ཕྱི་རོལ་དུ་དབྱུག་གོ། ཉན་པའི་རྣ་བ་ཡོད་པ་དེས་ཉོན་ཅིག་ཅེས་གདམས་སོ༎