༡༥
ཤོ་གམ་པ་དང་སྡིག་ཅན་ཐམས་ཅད་གསུང་ལ་ཉན་ཕྱིར་སྐུ་དྲུང་དུ་འོངས་པ་དང་།  ཕ་རུ་ཤི་པ་དང་མཁན་པོ་རྣམས་ཀྱིས། མི་འདིས་སྡིག་ཅན་བསྙེན་ཞིང་མཉམ་དུ་ཟའོ་ཟེར་ཞིང་ཟུར་ཟའོ།  ཡེ་ཤུས་དེ་རྣམས་ལ་དཔེ་འདི་གསུངས་པ།  ཁྱེད་ལས་གཅིག་ལ་ལུག་བརྒྱ་ཡོད་དེ། གཅིག་སྟོར་ན། གོ་དགུ་དེ་ཐང་ལ་བཞག་ནས། སྟོར་བ་དེ་ཐོབ་པའི་བར་དུ་འཚོལ་དུ་མི་འགྲོ་འམ།  ཐོབ་ནས་ཤིན་ཏུ་དགའ་ཞིང་གཉའ་བར་འཁུར་ཏེ།  ཁྱིམ་དུ་བསླེབས་ཚེ་གྲོགས་པོ་དང་ཁྱིམ་མཚེས་རྣམས་བོས་ནས། ངའི་ལུག་སྟོར་བ་དེ་ཐོབ་པས། ང་མཉམ་དུ་ཡི་རངས་ཤིག་ཟེར་རོ།  དེ་བཞིན་དུ་འགྱོད་ཚངས་མི་དགོས་པའི་དྲང་པོ་གོ་དགུ་བས། འགྱོད་ཚངས་བྱེད་པའི་སྡིག་ཅན་གཅིག་གི་ཕྱིར་ནམ་མཁར་ཡི་རངས་པར་འགྱུར་ཞེས་ངས་ཟེར་རོ༎
 བུད་མེད་ཅིག་ལ་དངུལ་ཊཾ་བཅུ་ཡོད་དེ། གཅིག་སྟོར་ན། མར་མེ་སྤར་ནས། ཁྱིམ་ལ་ཕྱག་དར་རྒྱབ་ཅིང་། དེ་མ་ཐོབ་པའི་བར་དུ། ཞིབ་པར་མི་འཚོལ་ལམ།  ཐོབ་པ་དང་། མཛའ་མོ་དང་ཁྱིམ་མཚེས་མ་རྣམས་བོས་ནས། ངའི་དངུལ་ཊཾ་སྟོར་བ་དེ་ཐོབ་པས། ང་མཉམ་དུ་ཡི་རངས་ཤིག་ཟེར་རོ། ༡༠ དེ་བཞིན་དུ་འགྱོད་ཚངས་བྱེད་པའི་སྡིག་ཅན་གཅིག་གི་ཕྱིར། དཀོན་མཆོག་གི་ཕོ་ཉ་རྣམས་ཡི་རང་ངོ་ཞེས་ཟེར་རོ༎
༡༡ མི་ཞིག་ལ་བུ་གཉིས་ཡོད་དེ། ༡༢ ཆུང་བ་དེས་ཡབ་ལགས། ང་ལ་ཐོབ་དགོས་པའི་ནོར་སྐལ་ང་ལ་གནོང་ཞིག་ཞུས་པ་དང་། ཕས་བུ་གཉིས་པོ་ལ་ནོར་བགོས་ནས་བཏང་ངོ་། ༡༣ རིང་པོར་མ་ལོན་པར་བུ་ཆུང་བ་དེས་ནོར་ཐམས་ཅད་འཁུར་ཏེ་ཡུལ་ཐག་རིང་ཞིག་ལ་སོང་ངོ་། དེར་སྤྱོད་པ་ངན་པའི་ནང་ནོར་རྣམས་ཆུད་ཟོས་བཏང་བ་དང་། ༡༤ ཡུལ་དེར་མུ་གེ་ཆེན་པོ་བྱུང་སྟེ་ཁོ་ལྟོགས་པས་འུ་ཐུག་ནས། ༡༥ ཡུལ་དེའི་མི་ཞིག་གི་རྩར་སོང་བ་ལས། དེས་ཕག་འཚོ་རུ་ཁོ་ཞིང་ཁ་ལ་བཏང་ངོ་། ༡༦ ཕག་པས་ཟ་བའི་གང་བུའི་པགས་པས་རང་འགྲང་བར་འདོད་ནའང་སུས་ཀྱང་མ་སྦྱིན་ནོ། ༡༧ དེ་ནས་ཁོ་དྲན་སོས་ནས་འདི་མཉམ་དུ་ངའི་ཕའི་གླ་པ་དེ་ཙམ་མང་པོར་ཟ་མི་ཚར་བའི་ཟ་རྒྱུ་མང་པོ་ཡོད་ཀྱང་། ང་ནི་འདིར་ལྟོགས་རིར་འཆིའོ། ༡༨ ད་ལངས་ནས་ཕའི་རྩར་སོང་སྟེ། ཡབ་ལགས། ངས་ནམ་མཁའ་དང་ཁྱེད་ཀྱི་གཟིགས་ངོར་ཉེས་པ་བྱས་པས། ༡༩ ད་ཁྱེད་ཀྱི་བུ་ཟེར་བའི་འོས་མེད་ཀྱང་། ང་གླ་པ་ཞིག་ལྟར་རྩི་བར་མཛོད་ཅིག་ཅེས་ཞུ་བར་བྱའོ་སྙམ་ནས། ༢༠ ལངས་ཏེ་ཕའི་རྩར་སོང་ངོ་། ཁོ་ཐག་རིང་ནས་ཡོང་དུས་ཕས་ཁོ་མཐོང་སྟེ། སྙིང་རྗེ་སྐྱེས་ནས། བརྒྱུགས་ཤིང་མགུལ་ནས་འཁྱུད་དེ་འོ་བྱས་སོ། ༢༡ བུས་ཡབ་ལགས། ངས་ནམ་མཁའ་དང་ཁྱེད་ཀྱི་སྤྱན་སྔར་ཉེས་པ་བྱས་པས། ད་ཁྱེད་ཀྱི་བུ་ཟེར་བའི་འོས་མ་ཡིན་ཞུས་སོ། ༢༢ འོན་ཀྱང་ཕས་གཡོག་པོ་རྣམས་ལ། གོས་ལེགས་ཤོས་དེ་འཕྲལ་དུ་འཁྱེར་ནས་ཁོ་ལ་སྐོན་ཅིག ལག་པ་ལ་སོར་གདུབ་དང་རྐང་པ་ལ་ལྷམ་སྐོན་ཅིག ༢༣ གསོས་པའི་བེའུ་དེ་ཁྲིད་ནས་གསོད་ཅིག ང་ཚོས་ཟ་ཞིང་སྐྱིད་པོ་བྱའོ། ༢༤ ངའི་བུ་འདི་ཤི་ནས་གསོན་སྟོར་ནས་ཐོབ་ཟེར་ཞིང་སྐྱིད་པོ་བྱས་སོ། ༢༥ བུ་ཆེ་བ་ཞིང་ཀར་ཡོད་དེ་ཁང་པ་དང་ཉེ་བར་བསླེབས་པ་དང་། རོལ་མོ་དང་གར་བྱེད་པ་ཐོས་ནས། ༢༦ གཡོག་པོ་ཞིག་བོས་ནས་འདི་ཅི་ཡིན་དྲིས་པས། ༢༧ དེས་ཁྱེད་ཀྱི་ནུ་བོ་ཁམས་བཟང་བསླེབས་ནས། ཕས་བསྙེན་ཏེ་སོས་པའི་བེའུ་དེའང་བསད་དོ་སྨྲས་སོ། ༢༨ ཁོ་ཁྲོས་ནས་ནང་དུ་མ་སོང་། ཕ་ཕྱི་རོལ་དུ་འོངས་ནས་བཅོལ་ནའང་། ༢༩ དེས་ཕ་ལ། ངས་ལོ་དེ་ཙམ་ཁྱེད་ཀྱི་གཡོག་བྱས་ཏེ། བཀའ་ལས་ནམ་ཡང་མ་འགལ་ཀྱང་ངའི་གྲོགས་པོ་རྣམས་དང་མཉམ་སྐྱིད་པོ་བྱེད་ཕྱིར་ར་གུ་ཞིག་ཀྱང་མ་གནང་། ༣༠ སྨད་ཚོང་མ་དང་འགྲོགས་ནས་ཁྱེད་ཀྱི་ནོར་ཆུད་ཟོས་བཏང་བའི་བུ་འདི་ལོག་བསླེབས་པའི་ཚེ། ཁོའི་དོན་ལ་སོས་པའི་བེའུ་བསད་དོ་ཟེར་བ་དང་། ༣༡ ཕས་ངའི་བུ། ཁྱོད་དུས་རྒྱུན་དུ་ང་དང་མཉམ་དུ་ཡོད་པས། ང་ལ་ཡོད་པ་ཐམས་ཅད་ཁྱོད་ཀྱི་ཡིན། ༣༢ ད་ཁྱོད་ཀྱི་ནུ་བོ་ཤི་ནས་གསོན། སྟོར་ནས་ཐོབ་པས། ངེད་ཀྱིས་དགའ་ཞིང་སྐྱིད་པོ་བྱེད་འོས་ཞེས་སྨྲས་པ་ཡིན་ནོ་གསུངས་སོ༎