༡༦
ཁོང་གིས་ཉེ་གནས་རྣམས་ལའང་འདི་སྐད་དུ། ཕྱུག་པོ་ཞིག་ལ་གཉེར་པ་ཞིག་ཡོད་དེ། གཉེར་པས་ནོར་ཆུད་ཟོས་ལ་གཏོང་བའི་སྙན་ཕྲ་ཐོས་པ་དང་།  ཁོས་གཉེར་པ་བོས་ནས། ཁྱོད་ཀྱི་སྐོར་ལ་ཐོས་པ་དེ་ཅི་ཡིན། ད་ཕྱིན་ཆད་ཁྱོད་གཉེར་པར་མི་འོས་པས། རྩིས་སྤྲོད་ཅིག་ཟེར་བ་དང་།  གཉེར་པས་ཁོག་པའི་ནང་། དཔོན་པོས་ངའི་ལག་ནས་གཉེར་པའི་ལས་འཁྱེར་བས་ངས་ཅི་བྱ། ས་རྐོ་མི་ནུས། སློང་བར་ངོ་ཚ་བས།  གཉེར་པ་ནས་བཏོན་པའི་ཚེ། མི་རྣམས་ཀྱི་ཁང་པར་ང་བསྙེན་ཕྱིར་ཅི་བྱེད་དགོས་པ་ངས་ཤེས་སོ། ཟེར་ནས།  དཔོན་པོའི་བུ་ལོན་པ་རེ་རེ་བཞིན་བོས་ནས། དང་པོ་ལ། དཔོན་པོ་ལ་ཇི་ཙམ་འཇལ་དགོས་ཡོད་དྲིས་པ་དང་།  དེས་འབྲུ་མར་ཁལ་བརྒྱ་ཟེར་ཏོ། ཁོས་ཁྱོད་ཀྱི་འཛིན་ལེན་ཏེ། བསྡད་དེ་མགྱོགས་པོར་ལྔ་བཅུ་བྲིས་ཤིག་སྨྲས་སོ།  གཞན་ཞིག་ལ། ཁྱོད་ཀྱིས་ཇི་ཙམ་འཇལ་དགོས་ཡོད་དྲིས་པ་དང་། དེས་གྲོ་ཁལ་བརྒྱ་ཟེར་ཏོ། ཁོས་ཁྱོད་ཀྱི་འཛིན་ལེན་ཏེ། བརྒྱད་ཅུ་བྲིས་ཤིག་སྨྲས་སོ།  ལས་དྲང་མིན་བགྱིས་མཁན་གྱི་གཉེར་པས་མགོ་གྲུང་བྱས་པར་དཔོན་པོས་བསྟོད་དོ། མིའི་དབུས་ན་འོད་ཀྱི་བུ་ལས་འཇིག་རྟེན་གྱི་བུ་མཁས་སོ།  ལོག་པའི་ནོར་གྱི་སྒོ་ནས་གྲོགས་པོ་འཚོལ་ཞིག ནོར་ཟད་པའི་ཚེ་དེ་ཚོས་ཁྱོད་རྟག་པའི་ཁང་བཟང་ནང་བསུ་བར་འགྱུར་ཅེས་ངས་ཟེར། ༡༠ ཉུང་ངུའི་ནང་དྲང་བ་དེ་མང་པོའི་ནང་ལའང་དྲང་ངོ་། ཉུང་ངུའི་ནང་དྲང་མིན་དེ་མང་པོའི་ནང་ལའང་དྲང་མིན་ནོ། ༡༡ དྲང་མིན་གྱི་ནོར་ནང་དྲང་པོ་མ་ཡིན་ན། ཁྱོད་ལ་བདེན་པའི་ནོར་སུས་གཏད་འོང་། ༡༢ གཞན་གྱི་ནོར་ནང་དྲང་པོ་མིན་ན། ཁྱོད་རང་ལ་ཐོབ་འོས་པ་དེ་སུས་གཏད་འོང་། ༡༣ དཔོན་པོ་གཉིས་ཀྱི་གཡོག་པོ་སུས་ཀྱང་རྒྱུག་མི་ཐུབ། གཅིག་ལ་སྡང་སྟེ་གཅིག་ལ་ཆགས་པའམ། གཅིག་ལ་རྩིས་ཏེ་གཅིག་ལ་བརྙས། དཀོན་མཆོག་དང་ནོར་ལྷ་གཉིས་ཀྱི་གཡོག་པོ་བྱེད་མི་ཐུབ་གསུངས་སོ༎
༡༤ དངུལ་ལ་ཆགས་པའི་ཕ་རུ་ཤི་པ་ཚོས་དེ་ཐོས་ཏེ། ཁོང་ལ་འཕྱས་སོ། ༡༥ ཁོང་གིས་དེ་ཚོར། ཁྱེད་མིའི་མདུན་དུ་ཡིན་ཁུལ་སྟོན་ཀྱང་། དཀོན་མཆོག་གིས་ཁྱེད་ཀྱི་སྙིང་མཁྱེན་པས། མིའི་མདུན་དུ་མཐོ་བ་དེ་དཀོན་མཆོག་གི་གཟིགས་ངོར་ཞེན་ལོག་ཡིན་ནོ། ༡༦ བཀའ་ཁྲིམས་དང་ལུང་སྟོན་པ་ནི་ཡོ་ཧ་ནན་ཐུག་ཡིན། དེ་མན་ཆད་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཕྲིན་བཟང་པོ་བཤད་པས། ཐམས་ཅད་འཚང་ག་རྒྱབ་བོ། ༡༧ འོན་ཀྱང་བཀའ་ཁྲིམས་ཀྱི་ནང་ནས་ཚེག་གཅིག་འཇིག་པ་བས། གནམ་ས་གཉིས་འཇིག་པ་སླའོ། ༡༨ ཆུང་མ་ཁ་ཕྲལ་ནས་གཞན་ཞིག་བླང་བ་དེས་ལོག་གཡེམ་བྱེད་དོ། ཁ་བྲལ་བའི་བུད་མེད་ཆུང་མར་འཁྲིད་པ་དེས་ལོག་གཡེམ་བྱེད་དོ༎
༡༩ གོས་ཆེན་མཚལ་ཁ་དང་ཐེར་མ་གོན་ཞིང་ཉིན་རེ་བཞིན་དགའ་སྟོན་བྱེད་པའི་ཕྱུག་པོ་ཞིག་ཡོད་དོ། ༢༠ དེའི་སྒོ་རྩར་རྨས་གང་བའི་དབུལ་པོ་ལཱ་ཟར་བྱ་བ་ཞིག་ཡོད་དེ། ༢༡ ཕྱུག་པོའི་ལྕོག་ཙེའི་ཁར་ལུས་པའི་ཟས་ལྷག་ཟ་བར་རེ་ཞིང་བསྡད་པ་མ་ཟད། ཁྱི་ཚོ་འོངས་ནས་དེའི་རྨར་བལྡགས་སོ། ༢༢ ནམ་ཞིག་དབུལ་པོ་དེ་ཤི་བ་དང་། ཕོ་ཉ་རྣམས་ཀྱིས་ཨབ་ར་ཧམ་གྱི་སྐུ་པང་དུ་བསྐྱལ་ཏོ། ཕྱུག་པོ་དེའང་ཤི་ནས་དུར་དུ་བཅུགས་སོ། ༢༣ ཕྱུག་པོ་དེ་དམྱལ་བར་སྡུག་བསྔལ་ནས་མིག་ཡར་བཏེགས་པས། ཐག་རིང་ན་ཨབ་ར་ཧམ་དང་ཁོང་གི་སྐུ་པང་ན་ལཱ་ཟར་ཡོད་པ་མཐོང་ངོ་། ༢༤ དེས་སྐད་ཆེན་པོས། ཡབ་ཨབ་ར་ཧམ་ལགས། མེ་ལྕེ་འདི་ནང་ང་སྡུག་བསྔལ་ཆེ་བས། སྙིང་རྗེ་མཛད་དེ། ལཱ་ཟར་གྱི་མཛུབ་མོ་ཆུར་བཅུག་ནས། ངའི་ལྕེ་བསིལ་བར་བྱེད་དུ་འདིར་སྩོལ་ཞིག་ཞུས་སོ། ༢༥ ཨབ་ར་ཧམ་གྱིས་བུ་ཁྱོད་ལ་གསོན་རིང་དུ་ལེགས་པོ་རྣམས་ཐོབ་པ་དང་། ལཱ་ཟར་ལ་སྡུག་པོ་རྣམས་ཐོབ་པ་དྲན་པར་གྱིས་ཤིག ད་ལྟ་འདིར་ཁོ་ལ་སེམས་གསོ་དང་ཁྱོད་ལ་སྡུག་བསྔལ་མྱོང་ངོ་། ༢༦ དེས་མ་ཟད་ངེད་དང་ཁྱེད་ཀྱི་བར་ལ་གཡངས་ས་ཆེན་པོ་ཞིག་འདུག་པས། འདི་ནས་ཁྱོད་ཀྱི་རྩར་འགྲོ་འདོད་ནའང་མི་ཐུབ། དེ་ནས་འདིར་འོང་ནའང་མི་ཐུབ་བོ་གསུངས་པ་དང་། ༢༧-༢༨ དེས་ཡབ་ལགས། ང་ལ་སྤུན་ལྔ་ཡོད་ཅིང་དེ་ཚོར་བརྡ་གཏོང་ཕྱིར་ཁོ་ངའི་ཁྱིམ་དུ་གཏོང་དུ་གསོལ། དེ་མིན་དེ་ཚོའང་མནར་བའི་གནས་འདིར་སླེབས་སྲིད་དོ་ཞུས་སོ། ༢༩ ཨབ་ར་ཧམ་གྱིས། དེ་ཚོར་མོ་ཤེ་དང་། ལུང་སྟོན་པའི་མདོ་ཡོད་པས། དེ་ལ་ཉན་པར་བྱེད་དགོས་གསུངས་པ་དང་། ༣༠ དེས་ཡབ་ཨབ་ར་ཧམ་ལགས། དེ་ལ་མི་ཉན། གལ་ཏེ་གཤིན་པོའི་ཁྲོད་ནས་གཅིག་དེ་ཚོའི་རྩར་འགྲོ་ན། འགྱོད་ཚངས་བྱེད་འོང་ཞུས་པས། ༣༡ ཨབ་ར་ཧམ་གྱིས། དེ་རྣམས་མོ་ཤེ་དང་ལུང་སྟོན་པ་ལ་མི་ཉན་ན། སུ་ཞིག་གཤིན་པོ་ནས་ལང་ནའང་ཡིད་མི་ཆེས་ཞེས་གསུངས་སོ༎