༡༧
ཁོང་གིས་ཉེ་གནས་རྣམས་ལ། སླུ་ཁྲིད་འབྱུང་ངེས་ཀྱང་སླུ་མཁན་དེ་སྙིང་རེ་རྗེ།  ཆུང་ངུ་འདི་ཚོའི་ནང་ནས་གཅིག་དད་པ་ལོག་འཇུག་པ་བས། དེའི་སྐེ་ལ་རང་འཐག་གི་རྡོ་ཞིག་བཏགས་ཏེ། རྒྱ་མཚོའི་ནང་དབྱུག་པ་ཁོའི་ཕྱིར་ལེགས་སོ།  གཅང་གྲུང་བྱོས་ཤིག ཁྱོད་ཀྱི་སྤུན་གྱིས་ཉེས་ན་བསླབ་བྱ་ཐོངས། ཁོས་འགྱོད་ན་བཤགས་པ་བློང་།  གལ་ཏེ་ཉི་མ་གཅིག་ནང་ཁོས་ལན་བདུན་ཁྱོད་ལ་ཉེས་ཤིང་། ལན་བདུན་ཀར་ཁྱོད་ལ། ང་འགྱོད་དོ། ཟེར་ན་བཤགས་པ་བློང་ཞིག་གསུངས་སོ༎
 སྐུ་ཚབ་རྣམས་ཀྱིས་གཙོ་བོ་ལ་ང་ཚོའི་དད་པ་སྣོན་པར་མཛོད། ཞུས་པ་དང་།  གཙོ་བོས་ཁྱེད་ལ་དད་པ་ཡུངས་འབྲུ་ཙམ་ཞིག་ཡོད་པ་ཡིན་ན། འོ་སེའི་སྡོང་པོ་འདི། རྩ་བ་ནས་གོག་ལ་རྒྱ་མཚོའི་ནང་དུ་ཚུགས་ཤིག་སྨྲས་ན་ཁྱེད་ཀྱི་ཁ་ལ་ཉན་ནོ༎
 ཁྱོད་ཚོ་སུ་ཞིག་གིས་ཞིང་རྨོ་བའམ་ལུག་འཚོ་བའི་རང་གི་གཡོག་པོ་ཞིག་ལ། ཞིང་ཁ་ནས་ལོག་འོང་བའི་ཚེ་ཡར་ཕེབས་ལ་མྱུར་དུ་གསོལ་བ་བཞེས་སུ་བཞུགས་ཤིག་ཅེས་ཟེར་རམ།  དེ་བས་ཁོ་ལ། ངའི་དགོངས་ཟས་ཤོམས་ཤིག ངས་ཟ་འཐུང་མ་ཚར་བའི་བར་དུ། ཁྱོད་སྐ་རགས་བཅིངས་ལ། ངའི་ཞབས་ཕྱི་བྱོས་ཤིག དེ་ནས་ཁྱོད་ཟ་འཐུང་གྱིས་ཞེས་མི་ཟེར་རམ།  ཁོས་བཀའ་བཞིན་བྱས་པའི་འོག་ཏུ་དཔོན་པོས་གཡོག་པོ་དེ་ལ་ཐུགས་རྗེ་ཆེ་ཟེར་རམ། ༡༠ དེ་ལྟར་ཁྱེད་ཀྱང་དགོངས་པ་བཞིན་བསྒྲུབས་ཀྱང་། ང་ཚོས་བགྱི་འོས་འབའ་ཞིག་བགྱིས་པས། གཡོག་པོ་ཐབས་རྡུག་ཡིན་ཟེར་རོ་གསུངས་སོ༎
༡༡ ཡེ་རུ་ཤ་ལེམ་དུ་ཕེབས་པའི་ལམ་ཁར། ས་མར་ཡཱ་དང་ག་ལིལ་གྱི་བར་ན། ༡༢ ཡུལ་ཚོ་ཞིག་ནང་ཕེབས་པའི་ཚེ། ཅུང་ཟད་རྒྱངས་མ་ནས་ལངས་ཡོད་པའི་མཛེ་ཅན་བཅུ་གཟིགས་སོ། ༡༣ དེ་ཚོས་སྐད་ཆེན་པོས། ཡེ་ཤུ་ཇོ་བོ་ལགས། ང་ཚོར་སྙིང་རྗེ་མཛོད་ཅིག་ཞུས་པ་དང་། ༡༤ ཁོང་གིས་དེ་ཚོར་གཟིགས་ནས། སོང་ལ་ཁྱེད་ཀྱི་ལུས་བླ་མ་ལ་སྟོན་ཞིག་ཅེས་བཀའ་གནང་ནས། དེ་རྣམས་འགྲོ་གིན་མཛེ་དག་གོ། ༡༥ དེ་ལས་ས་མར་ཡཱ་པ་ཡིན་པ་གཅིག་གིས་རང་གི་མཛེ་ནད་དག་པ་མཐོང་མ་ཐག་ཏུ་སྐད་ཆེན་པོས་དཀོན་མཆོག་ལ་བསྟོད་ཅིང་ལོག་འོངས་ཏེ། ༡༦ ཡེ་ཤུའི་ཞབས་དྲུང་དུ་འོངས་ནས་ཕྱག་འཚལ་ཏེ་ཐུགས་རྗེ་ཆེ་ཞུས་སོ། ༡༧ ཡེ་ཤུས་བཀའ་ལན་དུ། མི་བཅུ་པོའི་མཛེ་མ་དག་གམ། གཞན་རྣམས་ག་རུ་ཡོད། ༡༨ མི་ཡན་འདི་མ་གཏོགས་པར། དཀོན་མཆོག་ལ་བསྟོད་ཕྱིར་ལོག་འོང་བ་སུའང་མ་ཐོན་ནམ་གསུངས་ནས། ༡༩ མི་དེ་ལ། ལོངས་ལ་སོང་ཞིག ཁྱོད་ཀྱི་དད་པས་ཁྱོད་ཐར་རོ་གསུངས་སོ༎
༢༠ ཕ་རུ་ཤི་པ་འགས་ཁོང་ལ། དཀོན་མཆོག་གི་རྒྱལ་སྲིད་ནམ་བསླེབ་འོང་ཞུས་པ་དང་། བཀའ་ལན་དུ། དཀོན་མཆོག་གི་རྒྱལ་སྲིད་མིག་གིས་མཐོང་ཐུབ་པའི་ལུགས་སུ་མི་འོང་བས། ༢༡ ལྟོས་དང་འདིར་འདུག་དེར་འདུག་སུས་ཀྱང་མི་ཟེར། དཀོན་མཆོག་གི་རྒྱལ་སྲིད་ནི་ཁྱེད་ཀྱི་ནང་ན་ཡོད་དོ་གསུངས་སོ། ༢༢ ཡང་ཉེ་གནས་རྣམས་ལ། ཁྱེད་ཀྱིས་མིའི་བུའི་ཉིན་མོ་ལས་གཅིག་མཐོང་འདོད་ཀྱང་མི་མཐོང་བའི་དུས་ལ་འབབ་འོང་། ༢༣ ཁྱེད་ལ། དེ་ཚོས་ལྟོས་དང་དེ་ན་འདུག འདི་ན་འདུག་ཟེར་ཡང་མ་འགྲོ་ཞིག་རྗེས་སུ་མ་འབྲང་ཞིག ༢༤ གློག་ཁྱུག་ཙ་ན་གནམ་གྱི་ཕྱོགས་གཅིག་ནས་ཕྱོགས་གཞན་དུ་འོད་གཏོང་བ་ལྟར། མིའི་བུའང་ཉིད་ཀྱི་ཉིན་མོར་དེ་ལྟར་སྣང་བར་འགྱུར་རོ། ༢༥ དེ་བས་སྔོན་དུ་མི་རབས་འདིས་ཁོང་སྤངས་ཏེ། སྡུག་བསྔལ་མང་པོ་མྱོང་བར་དགོས་སོ། ༢༦ ནོ་ཨའི་དུས་སུ་བྱུང་བ་ལྟར། མིའི་བུའི་དུས་སུའང་འབྱུང་བར་འགྱུར། ༢༧ ནོ་ཨ་གྲུའི་ནང་ཞུགས་ནས་ཆུ་ལོག་འོངས་ནས་ཐམས་ཅད་མེད་པར་བྱས་པའི་ཉིན་མོའི་བར་དུ། མི་རྣམས་ཀྱིས་ཟ་འཐུང་རོལ་ཞིང་བག་མ་གཏོང་ལེན་བྱས་སོ། ༢༨-༢༩ དེ་བཞིན་དུ་ལོད་ཀྱི་དུས་སུའང་། སོ་དོམ་ནས་ཁོ་ཐོན་པའི་ཉིན་མོར་གནམ་ནས་མེ་དང་མུ་ཟི་བབས་ནས། ཐམས་ཅད་མེད་པར་བྱས་པའི་བར་དུ། དེ་རྣམས་ཀྱིས་ཟ་འཐུང་དང་ཉོ་འཚོང་དང་ཤིང་འཛུག་པ་དང་། ཁང་པ་སོགས་རྩིག་པར་བྱས་སོ། ༣༠ དེ་བཞིན་དུ་མིའི་བུ་མངོན་པར་འབྱུང་བའི་ཉིན་མོ་ལའང་འབྱུང་བར་འགྱུར། ༣༡ ཉིན་མོ་དེར་སུ་ཞིག་ཐོག་ཁར་ཡོད་དེ། ནོར་ནང་ན་ཡོད་ན། དེ་ལེན་དུ་མ་འབབ་ཅིག དེ་བཞིན་དུ་ཀླུངས་ལ་ཡོད་པ་དེ་ཕྱིར་ལོག་མ་འགྲོ་ཞིག ༣༢ ལོད་ཀྱི་ཆུང་མ་དྲན་པར་གྱིས་ཤིག ༣༣ རང་སྲོག་སྐྱོབ་འདོད་པ་དེས་བརླགས། སྲོག་བརླགས་པ་དེས་སྐྱོབ་པར་འགྱུར། ༣༤ ཞག་དེའི་མཚན་མོ་དེར་མལ་ཁྲི་གཅིག་ལ་གཉིས་ཉལ་བ་ལས། གཅིག་འདྲེན་ཞིང་། གཅིག་འབོར་བར་འགྱུར། ༣༥ གཉིས་མཉམ་དུ་ལག་སྐོར་འཐག་པ་ལས། གཅིག་འདྲེན་ཞིང་གཅིག་འབོར་བར་འགྱུར་ཞེས་ངས་ཟེར་གསུངས་སོ། ༣༦ ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽ ༣༧ དེ་ཚོས་གཙོ་བོ་ལགས་གང་དུ་འབྱུང་ཞུས་པ་དང་། ཁོང་གིས། རོ་ཡོད་སར་བྱ་རྒོད་འཁོར་རོ་གསུངས་སོ༎