༡༨
ཡིད་མི་སུན་པར་རྒྱུན་དུ་སྨོན་ལམ་འདེབས་དགོས་པའི་དོན་དུ། གཙོ་བོས་དེ་རྣམས་ལ་དཔེ་ཞིག་སྟོན་ཞིང་འདི་སྐད་དུ། ༢ གྲོང་ཁྱེར་ཞིག་ན་དཀོན་མཆོག་ལའང་མི་འཇིགས་པ། མི་ལའང་མི་རྩི་བའི་ཁྲིམས་དཔོན་ཞིག་ཡོད་དོ། ༣ གྲོང་ཁྱེར་དེ་རང་དུ་མོ་རེང་མ་ཞིག་ཡོད་དེ། ཡང་ཡང་དེའི་རྩར་འོངས་ནས་ང་ལ་ཁ་གཤགས་བྱེད་མཁན་དེ་ལས་རྒྱལ་ཆུག་ཞུས་སོ། ༤ ཡུན་རིང་ཞིག་ཁྲིམས་དཔོན་དེས་གཤགས་བྱེད་པར་མ་དགའ་ཡང་། རྗེས་སུ་དེ་རང་གི་ཁོག་པའི་ནང་དུ། ང་དཀོན་མཆོག་ལ་མི་འཇིགས་མི་ལ་མི་རྩིའང་། ༥ མོ་རེང་མ་འདིས་ངའི་རྣ་བ་སུན་འཇུག་པས། མོ་རྒྱལ་འཇུག་གོ། དེ་མིན་མོ་ངའི་རྩར་ཆད་མེད་འོངས་ནས་ང་འུ་ཐུག་འཇུག་གོ་ཞེས་སྨྲས་སོ། ༦ ཆོས་མེད་པའི་ཁྲིམས་དཔོན་དེས་ཅི་སྨྲས་པ་ལ་ཉོན་ཞིག ༧ དཀོན་མཆོག་གིས་ཉིན་མཚན་མེད་པར་ཁོང་ལ་འོ་དོད་འབོད་པའི་ཉིད་ཀྱི་འདམས་པ་རྣམས་སྐྱབས་པར་མི་མཛད་དམ། ༨ མི་འགོར་བར་གཤགས་མྱུར་དུ་མཛད་དོ་ཞེས་ངས་ཟེར། འོན་ཀྱང་མིའི་བུ་འབྱོན་དུས་སུ་ས་གཞི་རུ་དད་པའི་སེམས་རྙེད་པར་འགྱུར་རམ་གསུངས་སོ༎༩ རང་དྲང་པོ་ཡིན་པར་རློམ་ཞིང་གཞན་ལ་རྙས་པའི་མི་རེ་ལ་དཔེ་སྟོན་ཞིང་འདི་སྐད་དུ། ༡༠ ཕ་རུ་ཤི་པ་ཞིག་དང་ཤོ་གམ་པ་ཞིག་མཆོད་ཁང་ལ་སྨོན་ལམ་འདེབས་སུ་སོང་། ༡༡ ཕ་རུ་ཤི་པ་དེ་ལངས་ནས་འདི་སྐད་དུ། ཀྱེ་དཀོན་མཆོག ང་ནི་གཞན་རྣམས་དང་འདྲ་བར་ནོར་ཟ་མཁན་དང་། ལོག་པར་དང་། ལོག་གཡེམ་བྱེད་མཁན་དང་། ཡང་ན་ཤོ་གམ་པ་འདི་འདྲ་བ་མིན་པས། ཁྱེད་ལ་གཏང་རག་འབུལ་ལོ། ༡༢ ངས་བདུན་ཕྲག་ནང་ལན་གཉིས་སྨྱུང་བར་གནས་ཤིང་། ཅི་འབྱོར་ལས་བཅུ་ཁག་འབུལ་ལོ་ཞེས་སྨོན་ལམ་བཏབ་བོ། ༡༣ ཤོ་གམ་པ་དེ་ཐག་རིང་དུ་ལངས་ནས། ནམ་མཁར་མིག་འདེགས་མ་སྤོབས་པར། བྲང་རྡུང་ཞིང་། ཀྱེ་དཀོན་མཆོག ང་སྡིག་ཅན་ལ་སྙིང་རྗེ་གཟིགས་ཤིག་ཞུས་སོ། ༡༤ གཞན་དེ་ལས་མི་འདི་ལ་བཤགས་པ་ཐོབ་ནས་ཁྱིམ་དུ་སོང་ངོ་ཞེས་ངས་ཟེར། རང་འདེགས་པ་དེ་འབེབས་པར་འགྱུར། རང་འབེབས་པ་དེ་འདེགས་པར་འགྱུར་རོ་གསུངས་སོ༎
༡༥ འོ་འཐུང་ཡང་སྐུ་དྲུང་དུ་ཕྱག་དབང་ཕྱིར་ཁྱེར་བ་དང་། ཉེ་གནས་རྣམས་ཀྱིས་དེ་མཐོང་ནས་བཀག་པ་ལས། ༡༦ ཡེ་ཤུས་སྐུ་དྲུང་དུ་བོས་ནས། བྱིས་པ་རྣམས་མི་འགེགས་པར་ངའི་རྩར་ཐོང་། དཀོན་མཆོག་གི་རྒྱལ་སྲིད་ནི་འདི་འདྲ་བ་རྣམས་ཀྱི་ཡིན། ༡༧ དཀོན་མཆོག་གི་རྒྱལ་སྲིད་བྱིས་པས་བླངས་པ་ལྟར་མི་བླང་ན། ཅིས་ཀྱང་དེའི་ནང་དུ་ཆུད་པར་མི་འགྱུར་ཞེས་ངས་བདེན་པར་ཟེར་གསུངས་སོ༎
༡༨ དཔོན་པོ་ཞིག་གིས་ཁོང་ལ། སྟོན་པ་བཟང་པོ་ལགས། ཚེ་མཐའ་མེད་པ་ཐོབ་པའི་ཕྱིར་ངས་ཅི་བྱ་ཞུས་པ་དང་། ༡༩ ཡེ་ཤུས། ཅིའི་ཕྱིར་ང་ལ་བཟང་པོ་ཟེར། དཀོན་མཆོག་གཅིག་མ་གཏོགས་པར་བཟང་པོ་སུའང་མེད། ༢༠ ལོག་གཡེམ་མ་བྱེད། མི་མ་གསོད། མ་རྐུ། རྫུན་གྱི་དཔང་པོ་མ་བྱེད། ཕ་དང་མ་ལ་བཀུར་སྟི་བྱོས་ཞེས་པའི་བཀའ་རྣམས་ཁྱོད་ཀྱིས་ཤེས་སོ་གསུངས་པ་དང་། ༢༡ དེས་དེ་ཐམས་ཅད་ངས་ཆུང་དུས་ནས་བསྲུངས་པ་ཡིན་ཞུས་སོ། ༢༢ ཡེ་ཤུས་གསན་ནས་ཁོ་ལ། ད་དུང་ཁྱོད་ནང་གཅིག་མ་ཚང་བས། ཇི་ཡོད་པ་ཐམས་ཅད་བཙོངས་ཏེ། དབུལ་པོ་ལ་བགོས་ཤིག་དང་། ནམ་མཁའ་རུ་ཁྱོད་ལ་གཏེར་ཐོབ་འོང་། ཡང་འོངས་ཏེ་ངའི་ཕྱི་བཞིན་བྲོངས་ཤིག་གསུངས་སོ། ༢༣ ཁོ་ཤིན་ཏུ་ཕྱུག་པོ་ཡིན་པས། དེ་ཐོས་ནས་ཤིན་ཏུ་ཚེར་ཏོ། ༢༤ ཁོ་ལ་གཟིགས་ཤིང་ཡེ་ཤུས་ཕྱུག་པོ་དཀོན་མཆོག་གི་རྒྱལ་སྲིད་ནང་ཆུད་པར་ཇི་ལྟར་དཀའ། ༢༥ ཕྱུག་པོ་དཀོན་མཆོག་གི་རྒྱལ་སྲིད་ནང་ཆུད་པ་བས། རྔ་མོང་ཁབ་མིག་ནང་ཆུད་པ་སླའོ་གསུངས་སོ། ༢༦ དེ་ཐོས་པ་རྣམས་ཀྱིས། འོ་ན་སུ་ཐར་ཐུབ་ཞུས་པ་དང་། ༢༧ ཁོང་གིས། མི་ལ་མི་ཐུབ་ཀྱང་དཀོན་མཆོག་ལ་ཐུབ་བོ་གསུངས་སོ། ༢༨ པེ་ཏྲོས། གཟིགས་ཤིག ངེད་ཀྱིས་རང་གི་ཁྱིམ་སྤངས་ནས་ཁྱེད་ཀྱི་ཞབས་རྗེས་སུ་འབྲངས་པ་ཡིན་ཞུས་པ་དང་། ༢༩ ཁོང་གིས། དཀོན་མཆོག་གི་རྒྱལ་སྲིད་ཀྱི་དོན་དུ་ཁང་པའམ། ཆུང་མའམ། མིང་སྲིང་ངམ། ཕ་མའམ། ཕྲུ་གུ་སྤངས་པ་ལ། ༣༠ ཚེ་འདིར་འགྱུར་མང་པོ་དང་། ཚེ་ཕྱི་མར་ཚེ་མཐའ་མེད་པ་མི་ཐོབ་པ་མེད་དོ་ཞེས་ངས་བདེན་པར་ཟེར་གསུངས་སོ༎
༣༡ བཅུ་གཉིས་པོ་ཁྲིད་ནས་དེ་རྣམས་ལ་འདི་སྐད་དུ། ང་ཚོ་ཡེ་རུ་ཤ་ལེམ་དུ་འགྲོ་སྟེ། མིའི་བུའི་སྐོར་དུ་ལུང་སྟོན་པ་རྣམས་ཀྱིས་བྲིས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། ༣༢ ཁོང་ཕྱི་པའི་ལག་ཏུ་བཏད་དེ། འཕྱ་སྟེ། སྨད་དེ། མཆིལ་མ་བརྒྱབ་སྟེ། ༣༣ རྟ་ལྕག་བཏང་ནས་གསད་པར་འགྱུར། ཞག་གསུམ་པ་ལ་གསོན་པོར་བཞེང་འོང་གསུངས་སོ། ༣༤ འདི་ཐམས་ཅད་མ་གོ་བར་གབ་ཚིག་ཏུ་ལུས་ནས། གང་གསུངས་པའི་དོན་དེ་རྣམས་ཀྱིས་མ་རྟོགས་སོ༎
༣༥ ཡེ་རི་ཀོ་དང་ཉེ་བར་བྱོན་པ་དང་། ཞར་བ་ཞིག་སློང་ཞིང་ལམ་ཁར་བསྡད་ཡོད་དེ། ༣༦ ཁོས་མི་མང་པོ་འགྲོ་བར་ཐོས་ཏེ། ཅི་ཡིན་དྲིས་པ་དང་། ༣༧ ན་ཙཱ་རེད་པ་ཡེ་ཤུ་ཕེབས་སོ་ཟེར་བས། ༣༨ ཁོས་སྐད་ཆེན་པོས། དཱ་བིད་ཀྱི་སྲས་ཡེ་ཤུ་ལགས། ང་ལ་ཐུགས་བརྩེ་བར་དགོངས་ཞུས་སོ། ༣༩ སྐུ་མདུན་དུ་འགྲོ་བ་རྣམས་ཀྱིས། ཁ་རོག་སྡོད་ཅིག་ཟེར་ཞིང་བཀག་ཀྱང་། དེས་དཱ་བིད་ཀྱི་སྲས་ལགས། ང་ལ་ཐུགས་བརྩེ་བར་དགོངས་ཞེས་ལྷག་པར་འབོད་བསྒྲགས་སོ། ༤༠ ཡེ་ཤུ་དེར་སྐུ་འཐེན་ཙམ་བཞུགས་ཏེ། ཁོ་སྐུ་དྲུང་དུ་ཁྲིད་པའི་བཀའ་སྩལ་ཏེ། བསླེབས་པ་དང་དེ་ལ། ༤༡ ངས་ཅི་བྱེད་པར་ཁྱོད་འདོད་གསུངས། ཁོས་གཙོ་བོ། མཐོང་བར་འདོད་དོ་ཞུས། ༤༢ ཡེ་ཤུས་མཐོང་བར་ཤོག་ཅིག ཁྱོད་ཀྱི་དད་པས་ཁྱོད་སོས་སོ་གསུངས་སོ། ༤༣ དེ་མ་ཐག་ཏུ་ཁོས་མཐོང་ནས། དཀོན་མཆོག་ལ་བསྟོད་ཅིང་། ཞབས་རྗེས་སུ་འབྲངས་སོ། མི་ཚོགས་ཀྱིས་དེ་མཐོང་ནས། དཀོན་མཆོག་ལ་བསྟོད་བསྔགས་སོ༎