༡༩
ཁོང་ཡེ་རི་ཀོ་རྒྱུད་ནས་ཕེབས་པ་དང་། ༢ ཤོ་གམ་པའི་དཔོན་པོ་ཟག་ཀཱ་བྱ་བ་ཕྱུག་པོ་ཞིག་ཡོད་དེ། ༣ ཡེ་ཤུ་སུ་ཡིན་ལྟ་བར་བརྩམ་ཡང་། གཟུགས་ཐུང་བ་དང་། མི་ཚོགས་ཀྱི་རྐྱེན་གྱིས་མཇལ་མ་ཐུབ་པས། ༤ ཁོང་ཕེབས་རྒྱུའི་ལམ་ལ་མདུན་དུ་བརྒྱུགས་ནས་ཁོང་མཇལ་དུ་འོ་སའི་ཤིང་སྡོང་ཞིག་ལ་འཛེགས་སོ། ༥ ཡེ་ཤུ་ས་ཆ་དེར་ཕེབས་པ་དང་ཡར་གཟིགས་ཤིང་དེ་ལ། ཟག་ཀཱ། དེ་རིང་ང་ཁྱོད་ཀྱི་ཁྱིམ་དུ་སྡོད་དགོས་པས་མགྱོགས་པར་བོབས་ཤིག་གསུངས་པ་དང་། ༦ ཁོ་མགྱོགས་པར་བབས་ཏེ། དགའ་བཞིན་ཁོང་གདན་དྲངས་སོ། ༧ མི་ཐམས་ཅད་ཀྱིས་དེ་མཐོང་ནས། ཁོང་སྡིག་ཅན་ཞིག་གི་རྩར་བཞུགས་པར་ཕེབས་སོ་ཟེར་ཞིང་ཁྲེལ་ཏོ། ༨ ཟག་ཀཱ་ལངས་ནས། གཙོ་བོ་ལགས། གཟིགས་ཤིག ངའི་ནོར་གྱི་ཕྱེད་ཀ་དབུལ་པོ་ལ་གཏོང་བ་མ་ཟད། ངས་མགོ་བསྐོར་ནས་ཇི་ཞིག་ལེན་ཡོད་ན། བཞི་ལྡབ་གཞལ་ལོ་ཞུས་པ་དང་། ༩ ཡེ་ཤུས་མི་འདིའང་ཨབ་ར་ཧམ་གྱི་བུ་ཡིན་པས། དེ་རིང་ཁང་པ་འདིར་ཐར་པ་བསླེབས་སོ། ༡༠ མིའི་བུ་བསྟོར་བ་འཚོལ་བ་དང་སྐྱོབ་པའི་ཕྱིར་འོངས་གསུངས་སོ༎༡༡ ཁོང་ཡེ་རུ་ཤ་ལེམ་དང་ཉེ་བར་ཕེབས་པས། ཁོང་གི་གསུང་ཐོས་པ་འགའ་ཞིག་གིས་དཀོན་མཆོག་གི་རྒྱལ་སྲིད་འཕྲལ་དུ་མངོན་འོང་བསམ་པས། ཡང་དཔེ་ཞིག་སྟོན་ཞིང་འདི་སྐད་དུ། ༡༢ མི་དྲག་ཅིག་རྒྱལ་པོའི་གོ་ས་ལེན་ནས་ཕྱིར་ལོག་འོང་ཕྱིར་ཡུལ་ཐག་རིང་ཞིག་ཏུ་འགྲོ་བ་ལས། ༡༣ གཡོག་པོ་བཅུ་བོས་ནས་རྡོ་ཚད་བཅུ་བཏད་དེ། ང་ལོག་འོང་བའི་བར་དུ་ཚོང་བྱོས་ཤིག་སྨྲས་སོ། ༡༤ དེའི་ཡུལ་པས་མི་དྲག་དེར་སྡང་བས། མི་འདི་ང་ཚོའི་རྒྱལ་པོར་མི་དགོས་ཟེར་ཞིང་དེའི་ཕྱི་བཞིན་བང་ཆེན་བཏང་ངོ་། ༡༥ ཁོང་རྒྱལ་པོའི་དབང་ཐོབ་ནས་ལོག་བསླེབས་པ་དང་། དངུལ་བཏད་པའི་གཡོག་པོ་ཚོས་ཚོང་བྱས་ནས། ཁེ་ཇི་ཙམ་ཐོབ་པ་ཤེས་ཕྱིར། དེ་ཚོ་བོས་སོ། ༡༦ དང་པོ་དེ་དྲུང་དུ་འོངས་ནས། ཇོ་བོ། ཁྱེད་ཀྱི་རྡོ་ཚད་དེ་ལས་གཞན་བཅུ་འབྱོར་ཞུས་པ་དང་། ༡༧ རྒྱལ་པོས། ལེགས་སོ། གཡོག་པོ་བཟང་པོ་ཁྱོད་ཉུང་ངུའི་ནང་དྲང་པོ་ཐོན་པས། ཁྱོད་ཀྱིས་གྲོང་ཁྱེར་བཅུ་ལ་དབང་བྱེད་པར་འགྱུར་སྨྲས་སོ། ༡༨ གཉིས་པ་དེ་འོངས་ནས། ཇོ་བོ། ཁྱེད་ཀྱི་རྡོ་ཚད་དེ་ལས་གཞན་ལྔ་འབྱོར་ཞུས་པ་དང་། ༡༩ ཁོ་ལའང་ཁྱོད་ཀྱིས་གྲོང་ཁྱེར་ལྔ་ལ་དབང་བྱེད་པར་འགྱུར་སྨྲས་སོ། ༢༠-༢༡ ཡང་གཅིག་འོངས་ནས། ཇོ་བོ། ཁྱེད་ནི་མ་བཞག་པར་ལེན་མཁན་དང་། མ་བཏབ་པར་རྔ་མཁན་དྲག་པོ་ཡིན་པས། ང་འཇིགས་ནས། ལག་ཕྱིས་ནང་བཏུམ་སྟེ་བཞག་པའི་ཁྱེད་ཀྱི་རྡོ་ཚད་འདིར་ཡོད་ཞུས་སོ། ༢༢ རྒྱལ་པོས། གཡོག་པོ་ངན་པ། ཁྱོད་ཀྱིས་སྨྲས་པ་ཁོ་ན་བཞིན་ཞལ་ཆེ་གཅོད་དོ། ང་མ་བཞག་པར་ལེན་མཁན་དང་། མ་བཏབ་པར་རྔ་མཁན་དྲག་པོ་ཞིག་ཡིན་པ་ཁྱོད་ཀྱིས་ཤེས་སམ། ༢༣ ངའི་དངུལ་རྗེ་མཁན་ལ་ཅི་ལ་མ་བཏད། བཏད་ན་ང་ལོག་སླེབས་དུས་སུ་སྐྱེད་དང་བཅས་ལེན་ཐུབ་པ་ཡིན་སྨྲས་ནས། ༢༤ འཁོར་རྣམས་ལ། ཁོའི་རྡོ་ཚད་དེ་ལེན་ཏེ། རྡོ་ཚད་བཅུ་ཡོད་མཁན་ལ་ཐོང་ཞིག་སྨྲས་སོ། ༢༥ དེ་ཚོས། ཇོ་བོ། ཁོ་ལ་རྡོ་ཚད་བཅུ་ཡོད་ཞུས་པ་ལས། ༢༦ ཡོད་མཁན་ལ་གཏང་འོང་། མེད་མཁན་ལས་ཡོད་པ་དེའང་ལེན་པར་འགྱུར་ཞེས་ངས་ཟེར། ༢༧ ང་རྒྱལ་པོར་མི་དགོས་པའི་ངའི་དགྲ་བོ་རྣམས་འདིར་ཁྲིད་ནས་ངའི་མདུན་དུ་གསོད་ཅིག་ཟེར་ཏོ་གསུངས་སོ། ༢༨ དེ་གསུངས་ནས་ཁོང་ཡེ་རུ་ཤ་ལེམ་དུ་སྔོན་སྔོན་ལ་ཕེབས་སོ༎
༢༩ ཁ་སྐྱུར་པོའི་རིའི་ངོས་ལ་བེད་ཕ་གེ་དང་བེད་ཨན་ཡཱའི་ཡུལ་དང་ཉེ་བར་ཕེབས་ནས། ཉེ་གནས་གཉིས་སྩལ་ཞིང་། ༣༠ མདུན་གྱི་ཡུལ་ཚོར་སོང་། དེར་སླེབས་པ་ཙམ་གྱིས་ད་བར་སུའང་མ་ཞོན་པའི་བོང་གསར་གཏགས་པ་ཞིག་མཐོང་འོང་། དེ་བཀྲོལ་ནས་ཁྲིད་ཤོག ༣༡ སུ་ཞིག་གིས་ཅི་ལ་སྒྲོལ་ཞེས་འདྲི་ན། གཙོ་བོ་ལ་དགོས་སོ་ཟེར་གསུངས་སོ། ༣༢ མངགས་པ་དེ་གཉིས་སོང་ནས། གསུངས་པ་བཞིན་ཡོད་དེ། ༣༣ བོང་གསར་སྒྲོལ་བ་དང་། བདག་པོས་བོང་གསར་ཅི་ལ་སྒྲོལ་ཟེར་བས། ༣༤ དེ་དག་གིས་གཙོ་བོ་ལ་དགོས་སོ་སྨྲས་ནས། ༣༥ ཡེ་ཤུའི་སྐུ་དྲུང་དུ་ཁྱེར་ཏེ། རང་གི་གོས་བཀབ་སྟེ། ཡེ་ཤུ་དེར་བཅིབས་སོ། ༣༦ ཁོང་ཕེབས་པ་ལས་མི་རྣམས་ཀྱིས་རང་གི་གོས་ཕེབས་ལམ་ལ་བཏིང་ངོ་། ༣༧ ཡེ་རུ་ཤ་ལེམ་དང་ཉེ་བར་ཁ་སྐྱུར་པོའི་རིའི་ཐུར་ལ་བྱོན་པའི་ཚེ། ཉེ་གནས་ཀྱི་ཚོགས་ཚང་མས་མཐོང་བའི་ལྟས་ཐམས་ཅད་ཀྱི་རྐྱེན་གྱིས་དགའ་ཞིང་། སྐད་ཆེན་པོས་དཀོན་མཆོག་ལ་བསྟོད་ཅིང་། ༣༨ གཙོ་བོའི་ཕྱོགས་ནས་འབྱོན་པའི་རྒྱལ་པོ་བཀྲ་ཤིས། ནམ་མཁའ་ལ་ཞི་བདེ། བླ་ན་མེད་པ་རུ་དཔལ། ཞེས་སྨྲས་སོ། ༣༩ མི་ཚོགས་ཀྱི་ནང་ནས་ཕ་རུ་ཤི་པ་རེས་ཁོང་ལ། སྟོན་པ། ཉིད་ཀྱི་ཉེ་གནས་ཀྱི་ཁ་འགེགས་པར་མཛོད་ཞུས་པ་དང་། ༤༠ བཀའ་ལན་དུ། འདི་རྣམས་ཁ་རོག་ན། རྡོ་རྣམས་ཀྱིས་སྒྲ་འདོན་པར་འགྱུར་ཞེས་ངས་ཟེར་གསུངས་སོ༎
༤༡ ཉེ་བར་ཕེབས་པ་དང་། རྒྱལ་ས་གཟིགས་ཏེ། དེའི་དོན་དུ་བཤུམ་ཞིང་འདི་སྐད་དུ། ༤༢ དའང་ཞི་བདེ་གང་ལ་རག་ལས་པ་ཁྱོད་ཀྱིས་ཤེས་ན་ཅི་མ་རུང་། དེ་ད་ལྟ་ཁྱོད་ཀྱིས་མིག་ལས་བསྒྲིབས་སོ། ༤༣ ད་ཁྱོད་ཀྱི་དགྲ་བོས་ཁྱོད་ཀྱི་མཐའ་འཁོར་ལ་འཛིང་རགས་ཀྱིས་བསྐོར་ནས། ཕྱོགས་ཀུན་ནས་བཙིར་བའི་དུས་ལ་འབབ་པར་འགྱུར། ༤༤ ཁྱོད་ལ་ཐུགས་རྗེས་གཟིགས་པའི་དུས་དེ་མ་ཤེས་པས། དགྲ་བོས་ཁྱོད་དང་ཁྱོད་ཀྱི་ཕྲུ་གུ་རྣམས་ས་ལ་བརྡབ་ནས། ཁྱོད་ཀྱི་ནང་དུ་རྡོ་གཅིག་ཀྱང་མི་རློག་པར་བཞག་པར་མི་འགྱུར་རོ་གསུངས་སོ༎
༤༥ དེ་ནས་མཆོད་ཁང་དུ་བྱོན་ནས། ཚོང་པ་རྣམས་འདོན་ཞིང་། ༤༦ དེ་རྣམས་ལ། ངའི་ཁང་པར་སྨོན་ལམ་ཁང་ཞེས་བྲིས་ཡོད་ཀྱང་། ཁྱོད་ཀྱིས་ཇག་པའི་ཚང་དུ་བྱས་གསུངས་སོ༎