༢༠
ཉིན་ཅིག་ཁོང་གིས་མཆོད་ཁང་དུ་མི་སྡེར་ཆོས་སྟོན་ཞིང་ཕྲིན་བཟང་འཆད་པའི་ཚེ། བླ་ཆེན་དང་། མཁན་པོ་དང་། རྒན་པོ་རེ་དྲུང་དུ་འོངས་ནས།  ཁོང་ལ། དབང་གང་གིས་འདི་རྣམས་མཛད། སུས་དབང་འདི་ཁྱེད་ལ་ཕུལ། ང་ཚོར་འཆད་དུ་གསོལ་ཞུས་པས།  བཀའ་ལན་དུ། ངས་ཀྱང་ཁྱེད་ལ་དྲི་བ་ཞིག་འདྲི།  ཡོ་ཧ་ནན་གྱི་ཁྲུས་དེ་ནམ་མཁའ་ནས་བྱུང་ངམ་མི་ནས་བྱུང་། ང་ལ་ཤོད་གསུངས་པ་དང་།  དེ་ཚོས་ཕན་ཚུན་བགྲོས་ཤིང་འདི་སྐད་དུ། གལ་ཏེ་ནམ་མཁའ་ནས་བྱུང་ཟེར་ན། ཁྱེད་ཀྱིས་ཁོང་ལ་ཅིའི་ཕྱིར་ཡིད་མ་ཆེས་གསུང་འོང་།  མི་ནས་བྱུང་ཟེར་ན། མི་སྡེས་ཡོ་ཧ་ནན་ལུང་སྟོན་པ་ཡིན་པར་ཡིད་ཆེས་པས། ང་ཚོ་རྡོ་རུབ་ཀྱིས་གསོད་འོང་ཟེར་ནས།  ཞུ་ལན་དུ། གང་ནས་བྱུང་མི་ཤེས་ཞུས་སོ།  ཡེ་ཤུས། ངས་ཀྱང་དབང་གང་གིས་འདི་རྣམས་བྱེད་པ་མི་འཆད་གསུངས་སོ༎
 ཁོང་གིས་མི་སྡེ་ལ་དཔེ་འདི་གསུངས་པ། མི་ཞིག་གིས་རྒུན་ཚལ་བཙུགས་ནས། ཚལ་མཁན་ལ་བཏང་ནས། རེ་ཞིག་ཡུལ་གཞན་དུ་སོང་ངོ་། ༡༠ ཐོག་དུས་ལ་ཚལ་མཁན་རྣམས་ཀྱི་ཐོག་ལས་ཇི་ཞིག་ཁོ་ལ་ཐོབ་པའི་ཕྱིར་གཡོག་པོ་ཞིག་དེ་ཚོའི་རྩར་བཏང་བ་དང་། དེ་ཚོས་ཁོ་བརྡུངས་ནས་ལག་སྟོང་ལ་བཟློགས་སོ། ༡༡ གཡོག་པོ་གཞན་ཞིག་བཏང་བ། དེ་ལའང་བརྡུངས་ནས་དམའ་ཕབ་ཅིང་ལག་སྟོང་དུ་བཟློགས་སོ། ༡༢ སླར་གསུམ་པ་ཞིག་བཏང་བ་དང་། དེའང་རྨས་པར་བྱས་ཏེ་བཏོན་ཏོ། ༡༣ རྒུན་ཚལ་གྱི་བདག་པོས། ཅི་བྱ། ད་ངའི་བུ་གཅིག་པོ་དེ་གཏོང་སྟེ། ཁོ་ལ་བཀུར་སྟི་བྱེད་སྲིད་ཟེར་ཏོ། ༡༤ ཚལ་མཁན་རྣམས་ཀྱིས་ཁོ་མཐོང་ནས། འདི་ནི་བརྒྱུད་འཛིན་ཡིན་པས། ནོར་སྐལ་ང་ཚོར་ཐོབ་པའི་ཕྱིར་ཁོ་གསོད་དོ་ཞེས་གྲོས་བྱས་ནས། ༡༥ རྒུན་ཚལ་གྱི་ཕྱི་རོལ་དུ་བཏོན་ནས་བསད་དོ། ད་རྒུན་ཚལ་གྱི་བདག་པོས་དེ་ཚོར་ཅི་བྱེད་འོང་། ༡༦ འོངས་ནས་རྒུན་ཚལ་མཁན་དེ་རྣམས་ཚར་བཅད་ནས། རྒུན་ཚལ་གཞན་ལ་གཏད་འོང་གསུངས་སོ། ཐོས་པ་རྣམས་ཀྱིས་དེ་ལྟར་མ་སྲིད་ཅིག་སྨྲས་སོ། ༡༧ འོན་ཀྱང་ཁོང་གིས་དེ་རྣམས་ལ་གཟིགས་ཤིང་། མདོ་ན།
རྩིག་དཔོན་རྣམས་ཀྱིས་སྤངས་པའི་རྡོ༎
དེ་ཀ་ཟུར་རྡོ་ཆེན་པོར་གྱུར༎
ཞེས་བྲིས་པའི་དོན་ཅི་ཡིན། ༡༨ རྡོ་དེའི་ཁར་འགྲིལ་བ་དེ་ཆག་འོང་། སུའི་ཁར་རྡོ་དེ་འགྲིལ་ན་འཐག་པར་འགྱུར་གསུངས་སོ། ༡༩ མཁན་པོ་དང་བླ་ཆེན་རྣམས་ཀྱིས་དཔེ་འདི་ཁོང་ཚོ་རང་ལ་གསུངས་པ་ཤེས་ནས། དུས་ཚོད་དེ་རང་ལ་ཁོང་འཛིན་པར་བརྩམས་རུང་མི་སྡེ་ལ་འཇིགས་སོ༎
༢༠ གླགས་འཚོལ་ཞིང་། སྤྱི་ཁྱབ་ཀྱི་ཁྲིམས་དང་དབང་ལ་གཏད་ཕྱིར། ཁོང་གཏམ་ནང་འཛིན་པའི་ཕྱིར། དྲང་པོ་ཡིན་ཁུལ་བྱེད་པའི་ལྟ་ཉུལ་པ་རེ་དྲུང་དུ་བཏང་ངོ་། ༢༡ དེ་ཚོས་ཁོང་ལ། སྟོན་པ་ལགས། ཁྱེད་ཀྱིས་གསུང་དང་བསྟན་པ་དྲང་པོ་དང་། ཁྱེད་མིའི་ངོ་མི་སྲུང་བར་དཀོན་མཆོག་གི་ལམ་དྲང་པོར་སྟོན་པ་ང་ཚོས་ཤེས་སོ། ༢༢ རྒྱལ་པོ་ཆེན་པོ་ལ་ང་ཚོས་ཁྲལ་འཇལ་བར་རུང་ངམ་མི་རུང་ཞེས་བཀའ་འདྲི་ཞུས་པ་དང་། ༢༣ དེ་ཚོའི་གཡོ་སྒྱུ་མཁྱེན་ནས། ༢༤ ང་ལ་དི་ནཱར་ཞིག་སྟོན་དང་། དེའི་ཁར་གཟུགས་དང་ཡི་གེ་སུའི་ཡིན་གསུངས་པས། དེ་ཚོས་རྒྱལ་པོ་ཆེན་པོའི་ཡིན་ནོ་ཞུས་སོ། ༢༥ བཀའ་ལན་དུ། རྒྱལ་པོའི་ཡིན་པ་རྒྱལ་པོ་ལ་ཕུལ། དཀོན་མཆོག་གི་ཡིན་པ་དེ་དཀོན་མཆོག་ལ་ཕུལ་ཞེས་གསུངས་སོ། ༢༦ མི་སྡེའི་མདུན་དུ་ཁོང་གཏམ་ནང་འཛིན་མ་ནུས་ཤིང་། ཁོང་གི་བཀའ་ལན་ལ་ངོ་མཚར་དུ་གྱུར་ནས་ཁ་རོག་གོ།
༢༧ གཤིན་པོ་རྣམས་གསོན་པོར་མི་ལང་ངོ་ཟེར་བའི་སད་དུ་ཀི་པའམ་དབུ་ཆོས་རེ་སྐུ་དྲུང་དུ་འོངས་ནས། ༢༨ སྟོན་པ་ལགས། མི་ཞིག་གི་སྤུན་ཆུང་མ་བླངས་ནས་ཕྲུ་གུ་མེད་པར་ཤི་ན། དེ་རང་གི་སྤུན་གྱི་དོན་དུ་བུ་བརྒྱུད་སྐྱེད་པའི་ཕྱིར་ཆུང་མ་དེ་བླངས་དགོས་ཤེས། མོ་ཤེས་ང་ཚོའི་དོན་དུ་བྲིས་སོ། ༢༩ སྤུན་བདུན་ཡོད་དེ། དང་པོ་ཆུང་མ་བླངས་ནས་བུ་མེད་པར་ཤི། ༣༠ གཉིས་པས་ཀྱང་བླངས། གསུམ་པས་ཀྱང་བླངས། ༣༡ དེ་བཞིན་དུ་བདུན་པོས་བླངས་ནས་བུ་མེད་པར་ཤི། ༣༢ མཐར་བུད་མེད་དེའང་ཤིའོ། ༣༣ བུད་མེད་དེ་ཕུ་ནུ་བདུན་པོའི་ཆུང་མར་གྱུར་པས། གཤིན་པོ་རྣམས་གསོན་པོར་ལངས་དུས་སུ། མོ་གང་གི་ཆུང་མར་འགྱུར་འོང་ཞུས་པ་དང་། ༣༤ ཡེ་ཤུས། འཇིག་རྟེན་པ་རྣམས་ཀྱིས་བག་མ་གཏོང་ལེན་བྱེད་ཀྱང་། ༣༥ ཚེ་ཕྱི་མ་རྙེད་པ་དང་གསོན་པོར་ལངས་འོས་པ་རྣམས་ཀྱིས་བག་མ་མི་བླང་བག་མར་མི་འགྲོ་སྟེ། ༣༦ ཕོ་ཉ་དང་འདྲའོ། ལངས་པའི་སྟབས་ཀྱིས། དཀོན་མཆོག་གི་སྲས་ཡིན་པས། སླར་འཆི་བར་མི་སྲིད་དོ། ༣༧-༣༨ དཀོན་མཆོག་ནི་གཤིན་པོ་རྣམས་ཀྱི་དཀོན་མཆོག་མ་ལགས། གསོན་པོ་རྣམས་ཀྱི་དཀོན་མཆོག་ལགས་པས། མོ་ཤེའི་མདོ་ནང་ཚེར་མའི་སྐོར་གཏམ་ཡོད་སར། མོ་ཤེས་ཀྱང་གཙོ་བོ་ལ། ཨབ་ར་ཧམ་གྱི་དཀོན་མཆོག་དང་། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ཞུ་ཞིང་། གཤིན་པོ་རྣམས་གསོན་པོར་ལངས་བར་བསྟན་པ་ཡིན། དཀོན་མཆོག་གི་དྲུང་དུ་ཐམས་ཅད་གསོན་པོ་ཡིན་ནོ་གསུངས་པ་དང་། ༣༩-༤༠ མཁན་པོ་རྣམས་ཀྱིས་སླར་བཀའ་འདྲི་ཞུ་མ་སྤོབས་པར། ཁ་ཅིག་གིས། སྟོན་པ་ལགས། ལེགས་པར་གསུངས་སོ་ཞུས་སོ༎
༤༡ ཁོང་གིས་དེ་ཚོར། མཱ་ཤི་ཀ་ལ་དཱ་བིད་ཀྱི་སྲས་བྱ་བ་དེ་ཇི་ལྟར་ཡིན། ༤༢ དཱ་བིད་ཉིད་ཀྱིས་གསུང་མགུར་ནང་འདི་སྐད་དུ།
གཙོ་བོས་ནི་ངའི་གཙོ་བོ༌ལ༎
༤༣ ང་ཡིས་ཁྱེད་ཀྱི་དགྲ་བོ་རྣམས༎
ཁྱེད་ཀྱི་ཞབས་འོག་བཞག་པའི་བར༎
ང་ཡི་གཡས་སུ་བཞུགས་ཤིག་གསུངས༎
ཞེས་གསུང་ཞིང་། ༤༤ དཱ་བིད་ཀྱིས་ཁོང་ལ་གཙོ་བོ་ཞུ་བས། ཁོང་དཱ་བིད་ཀྱི་སྲས་ཇི་ལྟར་ཡིན་གསུངས་སོ༎
༤༥ མི་སྡེ་ཡོངས་ཀྱི་ཐོས་སར་ཉེ་གནས་རྣམས་ལ། ༤༦ མཁན་པོ་ལས་ཟོན་བྱོས་ཤིག དེ་རྣམས་གོས་རིང་མོ་གོན་ནས་འགྲུལ་བ་དང་། ཁྲོམ་ནང་ཕྱག་དང་། འདུ་ཁང་ནང་ཁྲི་མཐོན་པོ་དང་། མགྲོན་ལ་གྲལ་འགོར་སྡོད་པར་དགའོ། ༤༧ མོ་རེང་མའི་ཁང་པའང་ཟ་ཞིང་། མི་ལ་སྟོན་ཕྱིར་སྨོན་ལམ་རིང་མོ་འདེབས་པས། ལྷག་པར་ཆད་པ་ཕོག་འོང་གསུངས་སོ༎